མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གསར་པ་རྣམས་ཀྱིས་ལས་དོན་ཡག་པོ་འཁྱོངས་ཆེད་སློབ་སྦྱོང་ལ་བྲེལ་བཞིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   2013-04-30 09:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་གནས་གྲོང་ཁྱེར་བདུན་དང་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་ཀྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསར་པ་རྣམས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་རྟོག སྲིད་ཞུགས་གྲོས་མོལ་ལ་ཞུགས་པ་བཅས་ཀྱི་འགན་ནུས་ལག་བསྟར་བྱ་ཐུབ་ཆེད། ལྷ་ས་ནས་ཨུ་ཡོན་གསར་པ་ཚོའི་གསབ་སྦྱོང་འཛིན་གྲྭར་ཞུགས་ཏེ་དུས་ཚོད་དང་ནུས་པ་གཉིས་ཀ་བེད་སྤྱད་དེ་སློབ་སྦྱོང་བྱེད་པར་བྲེལ་བཞིན་པ་རེད།

ནག་ཆུ་ས་ཁུལ་ནས་ཐོན་པའི་ཨུ་ཡོན་བློ་བཟང་རྡོ་རྗེས་བཤད་རྒྱུར། “བོད་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་གསར་པ་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་སྦྱོང་བརྡར་གྱི་ཁྲོད་ནས་ངས་ཅུང་མ་ལག་ལྡན་པའི་སྒོ་ནས་སྲིད་གྲོས་ཀྱི་ལོ་རྒྱུས་དང་ངོ་བོ། གོ་གནས། བྱེད་ནུས། ཨུ་ཡོན་རྣམས་ཀྱི་དབང་ཆ་དང་འོས་འགན། འགན་འཁྲི་བཅས་སློབ་སྦྱོང་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ང་ཚོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གྲོས་ཀྱི་བྱ་བའི་གཞི་རྩའི་གནས་ཚུལ་དང་ལོ་རྒྱུས་བྱེད་ནུས། གྲུབ་འབྲས་གལ་ཆེན་བཅས་ལ་རྒྱུས་ལོན་བྱེད་ཐུབ་པ་བྱུང་ལ། འདི་དག་ང་ཚོ་ཨུ་ཡོན་གསར་པ་རྣམས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་ལས་དོན་བསྒྲུབ་པར་ཧ་ཅང་ཕན་པ་རེད”ཟེར།

བཅར་འདྲི་བྱེད་སྐབས་སྲིད་གྲོས་ཨུ་ཡོན་གསར་པ་ཚང་མས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་གི་འགན་ནུས་ཡག་པོ་བསྒྲུབ་དགོས་ཚེ། ངེས་པར་དུ་ཕྱོགས་བསྡུས་ཀྱི་བྱང་ཚད་ལེགས་པོ་དང་སྲིད་ཞུགས་གྲོས་མོལ་བྱེད་པའི་ཆུ་ཚད་ཅུང་མཐོན་པོ་ལྡན་དགོས་པར་འདོད་ཅིང་། ཐེངས་འདིའི་སྲིད་གྲོས་ཨུ་ཡོན་གསར་པ་རྣམས་ལ་གསབ་སྦྱོང་བྱེད་པའི་འཛིན་གྲྭ་ཡིས་ཁོང་ཚོར་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་མཁོ་སྤྲོད་བྱས་ཡོད་པ་རེད། ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་གྲོང་ཚོ་ལྔ་་པ་ནས་ཐོན་པའི་ཨུ་ཡོན་མེ་ཏོག་སྒྲོལ་མས་བཤད་རྒྱུར། “གཞི་རིམ་ནས་ཐོན་པའི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། འདི་འདྲའི་སློབ་སྦྱོང་གི་གོ་སྐབས་ནི་ཧ་ཅང་དཀོན་མོ་ཡིན་ལ་རང་ལ་ཕན་ཐོགས་ཀྱང་བཟང་བོ་ལྡན་པར་སྙམ། ཉིན་གཉིས་ཀྱི་རིང་ལ་སློབ་སྦྱོང་བྱས་པ་བརྒྱུད་ནས། ངས་སྲིད་གྲོས་ཨུ་ཡོན་ནི་མིང་དང་གོ་གནས་ཙམ་མ་ཡིན་པར། དེ་ནི་རང་གི་ཕྲག་སྟེང་དུ་བབས་པའི་ལྗིད་ཏིག་ཏིག་གི་འགན་ཁུར་ཞིག་ཡིན་པ་རྟོགས་ལ། ཉིན་ཤས་རིང་སློབ་སྦྱོང་བྱས་པ་དེས་ང་ལ་སྲིད་གྲོས་ཀྱི་གཙོ་གཞིའི་ནུས་པ་ཇི་ལྟར་འདོན་སྤེལ་ལེགས་པོ་བྱེད་དགོས་པ་དང་། ཇི་ལྟར་སྔར་བས་བྱེད་ནུས་ལྡན་པའི་ངང་མང་ཚོགས་ཚོའི་སེམས་འདུན་ལེགས་པར་མཚོན་པ། ཇི་ལྟར་བསྒྲུབ་ན་ད་གཟོད་ཕྱོགས་ཆེ་ས་ནས་འཕེལ་རྒྱས་དང་བརྟན་འཇགས་ཡོང་བར་ཐབས་དང་ནུས་པ་འདོན་ཐུབ་པ་ཤེས་སུ་བཅུག་པ་རེད”ཟེར།

བོད་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་སློབ་གླིང་བོད་སྨན་ཚན་ཁག་གི་སློབ་དཔོན་ཆེན་མོ་གཞོན་པ་བསོད་ནམས་ཕུན་ཚོགས་ཀྱིས་བཤད་རྒྱུར། “གྲོས་གཞི་ནི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བྱ་བ་དང་ལས་འགན་སྒྲུབ་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་ཞིང་། ཐེངས་འདིའི་གསབ་སྦྱོང་ལས་ངས་སྲིད་གྲོས་ཀྱི་གྲོས་གཞི་འབྲི་དུས་སྐབས་དོན་ལ་དོ་སྣང་བྱེད་དགོས་པ་དང་སྔོན་མཐོང་རང་བཞིན་ལྡན་དགོས་ལ། ལུགས་དང་མཐུན་པའི་བསར་འཆར་འདོན་དགོས་པ་རྟོགས་པ་དང་། གྲོས་གཞི་ཡིས་མང་ཚོགས་རྣམས་ཀྱིས་དོ་སྣང་གཙོ་བོ་བྱེད་ཡུལ་དང་གནད་དོན་དཀའ་ཁག་ཅན་ལ་དོ་སྣང་བྱ་དགོས་པ་ཤེས་པ་མ་ཟད། གྲོས་གཞིའི་རྣམ་པ་དང་ནང་དོན་གདམ་ལུགས། འབྲི་ཚུལ་དང་ཐབས་རྩལ་སོགས་ཀྱི་ཐད་ལའང་རྒྱུས་ལོན་མང་པོ་བྱུང”ཟེར།

“ཐེངས་འདིའི་ཨུ་ཡོན་གསར་པ་རྣམས་ཀྱི་གསབ་སྦྱོང་ལ་ཞུགས་པ་དེས་གོམ་གང་མདུན་སྤོས་སྒོས་རང་གི་བྱ་བ་དང་འགན་ཁུར་ལེགས་པར་སྒྲུབ་པའི་ནུས་པ་མཐོར་འདེགས་བཏང་ཞིང་། ཕྱིར་ལོག་རྗེས་རང་ལ་བབས་པའི་བྱ་བ་ནས་འགོ་བརྩམས་ཏེ། གློག་ཤུགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ནས་བོད་ལྗོངས་ཀྱི་མཆོང་སྐྱོང་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་ཡོང་བར་ཀྲུང་དབྱང་ཁེ་ལས་ཀྱིས་འཇོག་འོས་པའི་མཛད་རྗེས་འཇོག་རྒྱུ་ཡིན།”ཞེས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། ཀྲུང་གོའི་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་གཉེར་བ་ཧི་ཀྲུང་ཧའེ་ཡིས་དེ་ལྟར་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག