མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཞིང་ཁུལ་གཙོ་བོར་ཆར་ཆུ་བབ་ཚད་མང་པས་དཔྱིད་འདེབས་ཀྱི་ལས་དོན་སྤེལ་རྒྱུར་ཕན་པ་ཡོད་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-27 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ4 པའི་ཟླ་དཀྱིལ་སླེབས་པ་ནས་བཟུང་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ། གཞིས་རྩེ་ས་ཁུལ་སོགས་བོད་ལྗོངས་ཀྱི་ཞིང་ཁུལ་གཙོ་བོར་ཆར་ཆུ་བབ་ཚད་མང་པོ་ཡོད་པ་དེས་དཔྱིད་རྨོས་དཔྱིད་འདེབས་ཀྱི་ལས་དོན་སྤེལ་རྒྱུར་ཕན་པ་ཡོད་པ་རེད།

རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཞིང་ལས་གནམ་གཤིས་ཆེད་མཁས་པ་ལིའུ་དབྱི་ལན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། རང་ལྗོངས་ཀྱི་གཙོ་གནད་ཞིང་ཁུལ་དུ་ཆར་ཆུ་བབ་ཚད་མང་བས། ནས་སོགས་ཞིང་ལས་ལོ་ཏོག་འདེབས་འཛུགས་བྱ་རྒྱུ་དང་ལྗང་པ་སྐྱེ་འཚར་ཡོང་རྒྱུར་ཕན་པ་ཆེ་ཙམ་ཡོད་ཅེས་གསུངས་པ་རེད།

གཞན་ཡང་རང་ལྗོངས་ཀྱི་ཤར་རྒྱུད་དུ་དུས་ཐུང་གི་ཆར་ཆུ་བབ་ཚད་ཆེན་པོ་ཡོད་པའི་འཁར་དེ་སྔོན་གྱི་ཆར་ཆུ་བབ་ཚད་མང་བ་དེས་ས་རྒྱུའི་བཞའ་ཚན་ཆེ་རུ་འགྲོ་རྒྱུ་ཡིན་པས། འདམ་རུད་དང་རི་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ་དང༌། ས་བབ་མཐོ་བའི་ས་ཁུལ་གྱི་ལམ་དུམ་བུ་ཁག་ཅིག་ལ་གངས་གསོག་ཐེབས་སླ་བས། འགྲིམ་འགྲུལ་བདེ་འཇགས་ཐད་དོ་སྣང་བྱེད་དགོས་ཀྱི་ཡོད་པ་རེད།

ལིའུ་དབྱི་ལན་གྱིས་དེང་སྐབས་ཆར་ཆུ་བབ་ཚད་མང་པོ་ཡོད་པས། རང་ལྗོངས་ཞིང་ཁུལ་གྱི་མང་ཚོགས་ཚོས་ད་ལྟའི་གོ་སྐབས་དམ་འཛིན་གྱིས་དཔྱིད་རྨོས་དཔྱིད་འདེབས་ལས་དོན་ཧུར་ཐག་སྤེལ་དགོས་པ་དང་དུས་མཚུངས། དགུན་འབྲུའི་ཞིང་ཁར་དུས་ཐོག་ཏུ་ཁ་ལུད་རྒྱབ་ཏེ་ཞིང་ནང་གཡོག་བྱེད་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་གྲོས་འགོ་བཏོན་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག