ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུའི་དཔལ་ལྡན་ལས་ཁུངས་དང་དཔལ་ལྡན་ལས་བཟོ་བ་ཞེས་པའི་མཚན་སྙན་གནང་བའི་གཟེངས་བསྟོད་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་འབྲུག་ལྷ་ལགས་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུའི་དཔལ་ལྡན་ལས་བཟོ་བ་ཞེས་པའི་མཚན་སྙན་གནང་བ་རེད།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་འགུལ་སྐུལ་སྤེལ་དང་རྒྱ་ཆེའི་ལས་བཟོ་བ་རྣམས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་འདེགས་ཆེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཐུན་སྦྱོར་གྱི་འགོ་ཁྲིད་ཚན་ཆུང་གིས་རྒྱལ་ཁབ་མི་རིགས་ལས་དོན་ཨུའི་དཔལ་ལྡན་ལས་ཁུངས་དང་དཔལ་ལྡན་ལས་བཟོ་བ་འདེམ་པའི་བྱ་འགུལ་སྤེལ།
སྡེ་ཁག་སོ་སོས་འོས་སྦྱོར་དང་ཡར་ཞུ་བྱས་པར་བརྒྱུད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཐུན་སྦྱོར་གྱི་འགོ་ཁྲིད་ཚན་ཆུང་གིས་ཚོགས་ཐོག་ཞིབ་འཇུག་བྱས་ནས། ཁྱོན་བསྡོམས་ལས་ཁུངས30དང་ལས་བཟོ་བ78ལ2010ལོ་ནས2012ལོའི་རྒྱལ་ཁབ་མི་རིགས་ལས་དོན་ཨུའི་དཔལ་ལྡན་ལས་ཁུངས་དང་དཔལ་ལྡན་ལས་བཟོ་བའི་མཚན་སྙན་གནང་ཡོད་པ་རེད། །