མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་གི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་བསམ་འཆར་བཏོན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-26 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ། རིགས་སྣ་ཚོགས་ཀྱི་རྩོད་གཞི་ཐོན་རྒྱུ་སྔོན་འགོག་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་ཆེད། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་ས་ཁུལ་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་གི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་བསམ་འཆར་བཏོན་ཏེ། བྱ་ཐབས་ནུས་ལྡན་སྤྱད་དེ་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་གི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་རྒྱུན་བསྲིང་གོང་འཕེལ་དང་སྤྱི་ཚོགས་རྒྱུན་བསྲིང་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་ས་ཁུལ་གྱིས་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ། ལུགས་མཐུན་བེད་སྤྱོད་བྱེད་པ། རྐོ་འཐུ་དང་ཉོ་ཚོང་ཚད་ལྡན་བཟོ་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་རྩ་དོན་ལྟར། ཆབ་མདོ་ས་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་བྱེད་སྒོ་ཚད་ལྡན་བཟོས་ནས། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

ལག་བསྟར་བསམ་འཆར་དེ། སྤྱི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དང་། དེར་གཞིར་བཟུང་ཆབ་མདོ་ས་ཁུལ་གྱིས་ཚད་ལྡན་དང་གོ་རིམ་ལྡན་པ། བཀོད་འདོམས་ཡག་པོ་ཐུབ་པ། དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་ཀྱི་ལྟ་བསྐུལ་ཚན་པ་བཙུགས་པ་དང་། ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་ཁག་སོ་སོར་སྒྲིག་ཁྲིམས་ཞིབ་བཤེར་དང་རྩ་འཛུགས། དྲིལ་བསྒྲགས་སོགས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་གི་དོ་དམ་འགོ་ཁྲིད་ཚོགས་ཆུང་བཙུགས་པ། ཚོགས་ཆུང་དེའི་ཁོངས་གཏོགས་སུ་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་གི་དོ་དམ་གཞུང་ལས་ཁང་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཚོགས་ཆུང་། གློ་བུར་དུ་ཐོན་པའི་གནས་ཚུལ་བབ་བསྟུན་ཐག་གཅོད་ཚོགས་ཆུང་། ཁྲིམས་འཛིན་ལྟ་སྐུལ་ཚོགས་ཆུང་སོགས་ཚན་པ་བཙུགས་ནས་ལས་བགོས་འགན་འཁུར་གྱིས། དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་གི་དོ་དམ་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག