མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་རྒྱ་ཆེར་གཏོད་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-26 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཐེམ་ཁོངས་བོད་ལྗོངས་ལྷོ་ཁ་ཡིན་པའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་འདུན་པ་མངོན་འགྱུར་ཡོང་བ་བྱེད་ཆེད། ལྷོ་ཁ་ས་ཁུལ་གྱིས་མཐིལ་རྟོགས་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་དོན་དངོས་དང་མཐུན་པའི་བྱ་ཐབས་ནུས་ལྡན་བཟུང་སྟེ། འདུན་པ་སྒྲུབ་པའི་ལས་གཞི་ལག་བསྟར་ཧུར་ཐག་བྱས་པ་དང་། སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མའི་ལས་ཞུགས་ལས་དོན་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ། ལྷོ་ཁ་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལས་ཞུགས་བསྐྱར་མའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་སྔོན་ལ་འཇོག་པ་དང་། གཞི་རིམ་གྱི་སྟེགས་བུ་འཛུགས་སྐྲུན་བྱེད་རྒྱུས་རྨང་གཞི་བྱེད་པའི་དཔྱིད་རླུང་བྱ་སྤྱོད་ཞེས་པ་དང་། གཅིག་གཏད་གཅིག་གི་ཞབས་ཞུ་སོགས་ལས་ཞུགས་རོགས་སྐྱོར་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་བརྒྱུད་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་དེ། ཐེམ་ཁོངས་ལྷོ་ཁ་ནས་ཡིན་པ་དང་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་གང་ཐུབ་བྱས་ཡོད་པ་རེད། ལྷོ་ཁ་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཐན་ཝུ་ཡིས། ང་ཚོས་ངེས་པར་དུ་བྱ་ཐབས་གང་ཡོད་ཀྱིས་སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མ་གཞི་རིམ་ཤང་གྲོང་སྤྱི་ཞབས་པ་དང་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་རིགས་ཁག་གི་མི་བསྡུ་བའི་ཡིག་རྒྱུགས་ནང་ཞུགས་རྒྱུར་འཁྲིད་སྟོན་ཧུར་ཐག་བྱས་པ་དང་། ལས་ཞུགས་ལས་གནས་འཚོལ་ཞིབ་གང་ལེགས་བྱེད་པ། ལས་ཞུགས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱེད་རྒྱུར་སྐུལ་ལྕག་གཏོང་བ་སོགས་བྱ་ཐབས་སྣ་ཚོགས་བཟུང་སྟེ། འདུན་པ་སྒྲུབ་པའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ནས། ཐེམ་ཁོངས་ལྷོ་ཁ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་ཚང་མ་ལས་ཞུགས་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

འདུན་པ་སྒྲུབ་པའི་ལས་གཞིའི་ཕན་པ་ཐོབ་པའི་ཆུ་གསུམ་རྫོང་སྣང་མཁར་གྲོང་ཚོའི་ཚོགས་ཆུང་གཉིས་པའི་དབང་འདུས་ཀྱིས། ན་ནིང་ང་ཚོའི་གྲོང་ཚོར་སློབ་གྲྭ་ཆེ་མོ་བ་ཞིག་ཡོད་པ་དེ། སྲིད་ཇུས་བཟང་པོ་དེར་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་ཞབས་པར་ཡིག་རྒྱུགས་འཕྲོད་དེ། ལས་ཞུགས་ཐུབ་ནས་ཁྱིམ་ཚང་གི་འཚོ་བ་དེ་མར་ཡག་ཏུ་ཕྱིན་ཡོད། དེས་གྲོང་མི་ཚོའི་སེམས་ལ་སྐུལ་ལྕག་ཐེབས་པ་དང་། སྔོན་མ་གྲོང་མི་ཚོས་སློབ་གྲྭ་ཆེ་མོ་བ་སློབ་གྲྭ་ཐོན་རྗེས་ལས་ཀ་མི་རྙེད་པ་མཐོང་དུས། སློབ་གྲྭར་ཕྱིན་པ་དེ་ཕན་ཐོགས་མེད་པར་བརྩི་བ་དང་། ཁྱིམ་ཚང་ནང་ཕྲུ་གུ་ཡོད་པ་ཚང་མས་ཕྲུ་གུ་དམའ་རིམ་སློབ་འབྲིང་བར་བཏང་རྗེས། ནང་དུ་སྐོང་ནས་ཞིང་ལས་བྱེད་དུ་འཇུག་གི་ཡོད། ད་ཆ་སྲིད་ཇུས་བཟང་པོ་དེ་འདྲ་ཡོད་པ་མཐོང་དུས། ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་ནས་ཤེས་བྱས་ལས་དབང་གི་ཁ་ལོ་བསྒྱུར་ཐུབ་པ་ངོས་འཛིན་གསལ་པོ་བྱུང་ཡོད་ཅེས་གསུངས་པ་རེད།

ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཀྲང་ཡུང་ཙེས། ད་ལོ་ང་ཚོས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ནུས་པ་ཆེ་རུ་གཏོང་བ། ལས་ཞུགས་ཁོར་ཡུག་ཚད་ལྡན་བཟོ་བ་བཅས་བྱས་ཏེ་སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མར་ལས་ཞུགས་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག