མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི4.3བསྐྲུན་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-23 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་བོད་ལྗོངས་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི4.3བསྐྲུན་རྒྱུ་ཡིན་པ་དེ་དག་ལྗོངས་ཡོངས་ཀྱི་རྫོང་དང་ཤང་གྲོང་རྡལ་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བ་དང་སྡོད་ཁང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་ཆེན་པོ་ཐུབ་རྒྱུ་རེད།

ད་ལོ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་སྡོད་ཁང་ཁྲི4.3ཟིན་གྱི་ཡོད་པ་དེ། ཉེ་བའི་ལོ3གྱི་སྤྱི་འབོར་ལས་བརྒལ་ཡོད་པས་ལོ་རྒྱུས་ཐོག་གི་ལས་འགན་ལྗི་ཤོས་ཀྱི་ལོ་ཞིག་རེད། དེའི་ནང་གསར་དུ་བསྐྲུན་རྒྱུའི་ཁང་གླ་དམའ་བའི་སྡོད་ཁང6000དང་སྤྱི་པའི་བོགས་གཏོང་ཁང་པ་ཁྲི2.5དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་དབུལ་པོའི་དུད་ཚང་ཁྲི1.2གི་སྡོད་ཁང་བསྒྱུར་བཟོ་བཅས་ཚུད་ཡོད་པ་རེད།

ད་ལོ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་ཐད་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་འཇོག་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར28.57སྤྲད་ཡོད་པའི་ནང་ས་ཁུལ་ཁག་དང་རྫོང་ཁག་ནས་སྤྲད་པའི་མ་དངུལ་ཚུད་མེད་པ་རེད། ད་ལྟ་དོན་འཁྱོལ་ཟིན་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར10.98ཟིན་གྱི་ཡོད་པ་རེད། ས་ཁུལ (གྲོང་ཁྱེར) ཁག་གིས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དམ་འཛིན་བྱེད་བཞིན་ཡོད་པ་དང་སྤྱི་ཟླ4པ་དང5པའི་ནང་སྔ་རྗེས་སུ་ཨར་སྐྲུན་བྱེད་འགོ་འཛུགས་རྒྱུ་རེད།

ཉེ་བའི་ལོའི་ནང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་དཀའ་ངལ་སེལ་རྒྱུ་དེ་ཧ་ཅང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། སྤྱི་ལོ2011ལོ་ནས་བཟུང་རང་ལྗོངས་ཀྱིས་སྤྱི་པའི་བོགས་གཏོང་ཁང་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གསར་སྐྲུན་དང་བསྒྱུར་བཟོ། ཉོ་སྒྲུབ་སོགས་བྱ་ཐབས་བརྒྱུད་མ་དངུལ་སྒོར་དུང་ཕྱུར3.18བཏང་ནས་སྤྱི་པའི་བོགས་གཏོང་ཁང་པ3200བརྒྱབ་ཡོད་པ་རེད། གཞན་ཡང་རང་ལྗོངས་ཀྱིས་ད་དུང་རིགས་སྣ་ཚོགས་ཀྱི་སྡོད་ཁང་དབུལ་པོའི་དུད་ཚང་གི་སྡོད་ཁང་བསྒྱུར་བཟོའི་ལས་དོན་ཤུགས་ཆེན་སྤེལ་བ་རེད།

ལོ་ཤས་ནང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་པ་བརྒྱུད། སྡོད་ཁང་འགན་སྲུང་ལམ་ལུགས་ལྗོངས་ཡོངས་ཀྱི་རྫོང་དང་ཤང་གྲོང་རྡལ་ཚང་མར་ལག་བསྟར་ཐུབ་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བ་དང་སྡོད་ཁང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་ཤུགས་ཆེན་བྱུང་ཞིང་། གཞི་རིམ་ལས་བྱེད་པ་དང་ལས་བཟོ་པའི་འཁོར་རྒྱུག་སྡོད་ཁང་གི་གནད་དོན་ཞི་ལྷོད་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་ཅུང་དམའ་བ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བརྟན་པོ་བྱུང་བའི་ཕྱི་ཕྱོགས་ནས་ཡོང་བའི་ཁང་པ་མེད་པའི་མི་སྣ་རང་ལྗོངས་ཀྱི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་ནང་བཅུག་ཡོད་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

ད་ལོ་བོད་ལྗོངས་ཀྱིས་འགན་སྲུང་སྡོད་ཁང་ཨར་སྐྲུན་བྱེད་ཚད་དང་ལས་མཇུག་སྒྲིལ་ཚད། ཁང་པའི་ནང་སྤོ་ཚད་བཅས་མཐོ་རུ་གཏོང་རྒྱུ་མ་ཟད་སྔར་ལས་ལྷག་པའི་སྒོ་ནས། འགན་སྲུང་སྡོད་ཁང་ནང་སྡོད་ཆོག་པ་དང་ཁང་པ་ཕྱིར་སྤྲོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་ཁང་གླ་དམའ་བའི་སྡོད་ཁང་ནང་སྡོད་པའི་ཆ་རྐྱེན་ལེགས་སྒྲིག་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཁང་གླ་དམའ་བའི་སྡོད་ཁང་ལོངས་སྤྱོད་བྱེད་པའི་གོ་རིམ་སྟབས་བདེ་རུ་བཏང་ནས། ཁང་གླ་དམའ་བའི་སྡོད་ཁང་ཁྱབ་ཚད་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ས་ཁུལ(གྲོང་ཁྱེར)ཁག་གིས་སྤྱི་པའི་བོགས་གཏོང་ཁང་པའི་དོ་དམ་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་ཞིབ་ཕྲ་བཟོས་ཏེ། སྡོད་ཁང་བགོ་འགྲེམ་ལས་དོན་དམ་འཛིན་ནན་པོ་བྱས་ནས་འགན་སྲུང་སྡོད་ཁང་གི་མ་འཇོག་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གང་མགྱོགས་འདོན་སྤེལ་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག