མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་དབུལ་སྐྱོར་ཞིང་ལས་གསར་སྤེལ་ཁོངས་གཏོགས་ཀྱིས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-24 11:39

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2012ལོར་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་དབུལ་སྐྱོར་ཞིང་ལས་གསར་སྤེལ་ཁོངས་གཏོགས་ཀྱིས། དབུལ་ཕོངས་མི་འབོར་ཉུང་དུ་གཏོང་རྒྱུ་དང་དབུལ་ཕོངས་ལ་འགྱུར་ཚད་དམའ་རུ་གཏོང་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་བརྟེན་ནས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པ་རེད།

    ན་ནིང་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་ལག་བསྟར་བྱས་པའི་ཐེམ་དུད་དབུལ་སྐྱོར་རྣམ་གྲངས་བརྒྱུད། ཁྲེང་ཀོན་ཆུས་རྔ་ཆེན་ཤང་གི་ཞིང་པ་ཟླ་བས་དར་དམར་ལམ་དུ་མོག་མོག་ཚོང་ཁང་འཛུགས་ཐུབ་པ་བྱུང་བ་རེད། ཟླ་བས་ང་ཚོ་ནི་ས་ཞིང་ཤོར་བའི་ཞིང་པ་ཡིན་པ་དང་སྔོན་མ་ཡང་ལས་ཀ་བརྟན་འཇགས་མེད་ལ་རྩལ་ནུས་ཡང་ཤེས་ཀྱི་མེད་པས་ཡོང་འབབ་ཧ་ཅང་དམའ་པོ་རེད། ན་ནིང་ལྷ་ས་གྲོང་ཁྱེར་དབུལ་སྐྱོར་ཞིང་ལས་གསར་སྤེལ་གཞུང་ལས་ཁང་གིས་ང་ཚོར་གྲོ་ཟས་བཟོ་སྟངས་ཐད་རིན་པ་མི་དགོས་པར་སྦྱོང་བརྡར་སྤྲད་པ་མ་ཟད། ད་དུང་བག་ལེབ་བཀྲགས་བྱེད་འཕྲུལ་འཁོར་སོགས་སྤྲད་ནས་མོག་མོག་ཚོང་ཁང་འཛུགས་རོགས་གནང་བྱུང་བས། ད་ཆ་ངའི་མོག་མོག་ཚོང་ཁང་ལ་ཉིན་ལྟར་ཡོང་འབབ་སྒོར་བརྒྱ་ལྷག་ཙམ་ཡོང་གི་འདུག་ཅེས་བཤད་པ་རེད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་བོད་རང་སྐྱོང་ལྗོངས་ཞིང་ལས་གསར་སྤེལ་གཞུང་ལས་ཁང་གིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབ་སར་བརྩིས་ནས། དབུལ་ཕོངས་དུད་ཚང་གི་བདེ་སྡོད་ལས་གཞི་དང་ཤང་ཧྲིལ་པོར་སྐུལ་སྤེལ་གཏོང་བའི་དབུལ་སྐྱོར་གསར་སྤེལ། མ་གནས་དམའ་བ་དང་དུས་ཚོད་ཐུང་བ། ཕན་འབྲས་མཐོ་བ་བཅས་ཀྱི་དབུལ་སྐྱོར་རྣམ་གྲངས་སོགས་་ལག་བསྟར་བྱས་པ་བརྒྱུད། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེ་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་དང་ལས་ཞུགས་སྦྱོང་བརྡར་སོགས་ལག་བསྟར་བྱས་པ་བརྒྱུད་དབུལ་ཕོངས་མང་ཚོགས་ཀྱི་རང་ངོས་གོང་འཕེལ་ནུས་པ་ཆེ་རུ་ཤུགས་ཆེ་ཕྱིན་ཡོད་པ་རེད། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་ཕན་འབྲས་གཟེངས་སུ་ཐོན་པའི་དབུལ་སྐྱོར་ལས་ཀས་གྲོང་མི་ཟླ་བ་དང་འདྲ་བའི་དབུལ་ཕོངས་མང་ཚོགས་མང་པོ་དབུལ་སྒྲོལ་ཐུབ་པ་དང་སྦྲགས། ཞིང་ལས་གསར་སྤེལ་རྣམ་གྲངས་ཁུལ་ཁྱབ་ཁོངས་ནང་གི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་ཞིང་ལས་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་གྱིས་གསར་འགོད་པར། སྤྱི་ལོ2012ལོར་ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱིས་རྒྱལ་ཁབ་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར13.25དོན་འཁྱོལ་བྱས་པ་དང་། ཞིང་ལས་གསར་སྤེལ་རྣམ་གྲངས་ཁུལ་གྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར600ཡན་འཕར་སྣོན་བྱུང་ནས་དབུལ་ཕོངས་མང་ཚོགས་ཁྲི་ཚོ13.5དབུལ་སྒྲོལ་ཐུབ་ཡོད་ཅེས་གསུངས་པ་རེད།

    སྤྱི་ལོ2012ལོར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྫོང་གི་ཁྱབ་ཁོངས་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། སྤྱི་ལོ2011ལོར་གསར་སྣོན་བྱས་པའི་ལྷུན་གྲུབ་རྫོང་དང་སྤོ་བོ་རྫོང་ལ་རྒྱལ་ཁབ་ཀྱི་དཔྱད་དཔོགས་བྱས་ནས་རྒྱལ་ཁབ་ཀྱི་ཞིང་ལས་གསར་སྤེལ་རྫོང་ཁོངས་སུ་བཅུག་པ་མ་ཟད། སྣ་དཀར་རྩེ་དང་ཆུ་ཤུར། སྨན་གླིང་། ལྷོ་རོང་བཅས་གསར་སྤེལ་རྫོང་བཞི་ཁ་སྣོན་བྱས་པས་ལྗོངས་ཡོངས་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ25ཟིན་གྱི་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ད་ལོ་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱིས་གསར་སྤེལ་རང་བཞིན་གྱི་དབུལ་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་གནད་གསུམ་གཞི་གཅིག་ཅན་གྱི་ལས་ཀའི་རྣམ་པ་ཆགས་པ་བྱེད་པ་དང་དུད་ཚང་ལ་ཁྱོན་ཡོངས་ནས་དབུལ་སྐྱོར་བྱེད་པ། རྒྱལ་ཁབ་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར9གཏོང་བ་བཅས་བྱས་ནས། དུད་ཚང་བཞི་ཁྲི་དང་དབུལ་སྐྱོར་བྱེད་ཡུལ་ཁྲི་ཚོ16ལ་རྣམ་གྲངས་ཁྱབ་པ་བྱས་ཐོག་དབུལ་སྐྱོར་བྱེད་དགོས་པ་ཚང་མར་དབུལ་སྐྱོར་ཐུབ་པ་བྱེད་རྩིས་ཡོད་པ་རེད། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་དོན་ནང་ཐོན་ལས་གྲུབ་ཆ་ཁྱབ་ཚུལ་ལེགས་སྒྲིག་ཧུར་ཐག་བྱེད་པ་དང་། རྒྱལ་ཁབ་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར4.2བཏང་ནས་གསར་སྤེལ་ཁུལ26གི་ས་ཆ་མུའུ་ཁྲི་ཚོ57བཅོས་སྐྱོང་བྱེད་རྒྱུ་ཡིན་ལ། ཐོན་ལས་ཅན་གྱི་གཉེར་སྐྱོང་རྣམ་གྲངས36ལག་བསྟར་བྱས་ནས་དེ་བས་མང་བའི་མང་ཚོགས་ཀྱིས་རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱེད་རྒྱུ། རྣམ་གྲངས་ཁུལ་གྱི་མང་ཚོགས་ཀྱིས་རྣམ་གྲངས་ལ་བརྟེན་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་སྟོང་ཡན་འཕར་བ་བྱེད་རྒྱུ་བཅས་རེད་ཅེས་གསུངས་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག