མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཆེད་བརྗོད་སྤེལ་ཏེ་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་ཚོགས་རྒྱུར་རྟེན་འབྲེལ་ཞུས་ཡོད།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-23 10:12

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས22ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་དེ་བས་མཛེས་སྡུག་ལྡན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་མདུན་སྐྱོད་བྱེད་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་བརྗོད་སྤེལ་ཏེ། སྤྲོ་སེམས་འཁོལ་པོས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་ཚོགས་རྒྱུར་རྟེན་འབྲེལ་ཞུས་པ་རེད།

    ཆེད་བརྗོད་ནང་། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་འཁུར་ཆེན་པོ་བྱེད་པའི། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་སྤྱི་ཚེས22ཉིན་ལྷ་སར་གཟབ་རྒྱས་ངང་ཚོགས་རྒྱུ་དང་། མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོ་ལྷན་འཛོམས་ཀྱིས། ཐུན་མོང་ཐོག་གོང་འཕེལ་དང་བརྟན་ལྷིང་གི་ཇུས་ཆེན་གླེང་གནང་རྒྱུ་ཡིན་པ་དང་། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ང་ཚོས་ཚོགས་ཆེན་ཚོགས་རྒྱུར་སྤྲོ་སེམས་འཁོལ་པོས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་དང་། ད་རེས་ཀྱི་ཚོགས་འདུ་ཡག་པོ་ཚོགས་རྒྱུ་ནི། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་སྔར་བས་གཅིག་བསྡུས་བྱེད་རྒྱུ་དང་། བོད་རང་སྐྱོང་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།

    ཆེད་བརྗོད་ནང་། འདས་ཟིན་པའི་ལོ་ལྔའི་ནང་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པས་ཐོག་མཐའ་བར་གསུམ་དུ། གུང་ཁྲན་ཏང་གི་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་གནང་ནས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོ་པོར་བསྒྲེང་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་ཁོང་དུ་ཆུད་པ་བྱས་ཐོག རང་རྟོགས་ངང་བོད་རང་སྐྱོང་ལྗོངས་ཀྱི་སྒྱུར་བཅོས་གོང་འཕེལ་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་བསྟུན་པ་དང་ཞབས་ཞུ་བྱས་ཏེ། ལས་དོན་ཁག་གི་གྲུབ་འབྲས་བཟང་པོ་གཏོད་ཡོད་པ། སྐབས་གསར་པའི་སྲིད་གྲོས་ཨུ་ཡོན་ཚོས་མུ་མཐུད་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱིས། རང་ལྗོངས་ཀྱི་ལྟེ་བའི་ལས་དོན་དང་དམ་པོར་བསྟུན་ནས་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ལ་ཕན་པའི་སྟོབས་ཤུགས་ཐ་དག་གཅིག་བསྡུས་ཀྱིས། མཐུན་སྒྲིལ་འབད་འཐབ་ཀྱི་གྲུབ་འབྲས་གསར་པ་གཏོད་དེ། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རྣམ་པ་གསར་པ་མངོན་པ་བྱེད་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་སྟོན་ཡོད་པ་རེད།

    ཆེད་བརྗོད་ནང་། དེང་སྐབས་ང་ཚོ་གོ་སྐབས་ཁེངས་པའི་འགག་རྩའི་དུས་སུ་གནས་ཡོད་པ་དང་བྱེད་རིན་ཆེན་པོ་ཡོད་པའི་རླབས་ཆེའི་དུས་རབས་སུ་གནས་ཡོད་པས། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི་སྲུང་བྱ་དོན་ཚན་བཅུ་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་སྒྱུར་བ་དང་ཕན་འབྲས་ཐོན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པ་དང་དམངས་གཙོའི་ལྟ་སྐུལ་ལག་བསྟར་བྱེད་པ། ལས་རིགས་ཁག་གི་བློ་གྲོས་གཅིག་བསྡུས་བྱེད་པ་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། འབྱོར་ཕྱུག་ལྡན་པའི་བོད་ལྗོངས་དང་ཞི་མཐུན་ལྡན་པའི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་ཅན་གྱི་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་ལྡུག་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྱོང་ཧུར་ཐག་བྱ་ཆེད་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་བྱས་ཡོད་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག