མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་གནའ་བོའི་ལོ་རྒྱུས་ཀྱི་ཡིག་ཆ་རྩ་ཆེན་ཞིག་རྙེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-08-23 10:21


གུ་གེའི་རྒྱལ་རབས་ཀྱི་གནས་ཤུལ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་མངའ་བའི་གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་གལ་ཆེ་བའི་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་ཁག་ཅིག་རྙེད་པ་རེད། གསལ་འབྱེད་བྱས་པ་ལྟར་ན་ཡིག་ཆ་འདི་དག་ལ་རིགས་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་རེད།

ཀྲུང་གོའི་མི་རིགས་ལོ་རྒྱུས་རིག་པ་ཚོགས་པའི་ཚོགས་གཙོ་གཞོན་པའམ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་པ་སངས་དབང་འདུས་ལགས་ཀྱིས་བཤད་རྒྱུར། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བརྒྱད་པར་ཡུལ་དེའི་གྲྭ་བ་ཞིག་གིས་གུ་གེ་རྒྱལ་རབས་ཀྱི་གནས་ཤུལ་དུ་ཆོས་དཔེའི་ཤོག་གྲངས་འགའ་དང་ཡིག་ཆ་དུ་མ་རྙེད་ནས་བསྡུ་ཉར་བྱས་པ་དང་། ད་ལོའི་ཟླ6པར་ཁོང་མངའ་རིས་སུ་རིགས་གཞུང་རྟོག་ཞིབ་བྱེད་དུས་དཔེ་རྙིང་དེ་དག་ལ་གསལ་འབྱེད་བྱས་ནས། དེའི་ཁྲོད་རིགས་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་བོད་ཀྱི་གནའི་ལོ་རྒྱུས་ཡིག་ཆ་དེ་དག་རྙེད་པ་ཡིན་ཟེར།

པ་སངས་དབང་འདུས་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཡིག་ཆ་འདིའི་བརྗོད་བྱ་ཁག་གཉིས་སུ་འདུས་པ་སྟེ། ཁག་དང་པོའི་ནང་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་ཏེ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དུས་རབས་དགུ་བའི་དུས་མཇུག་གི་བོད་བཙན་པོའི་རྒྱལ་རབས་ཀྱི་མཐའ་མའི་བཙན་པོ་སྟེ་འུ་དུམ་བཙན་པོའི་བར་གྱི་བཙན་པོ་རིམ་བྱོན་བཀོད་འདུག་པ་དང་། ཁག་གཉིས་པའི་ནང་དུས་རབས་བཅུ་བར་བཙན་པོའི་རྒྱལ་རྒྱུད་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྱོན་ནས་སྲིད་དབང་བཙུགས་པ་ནས་དུས་རབས་བཅུ་གཅིག་པའི་དུས་མཇུག་གི་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་གསལ་བོར་བཀོད་འདུག

པ་སངས་དབང་འདུས་ལགས་ཀྱིས་བཤད་རྒྱུར། ཡིག་ཆའི་མཇུག་གི་ཤོག་ལྷེ་འགའ་ཆད་བརླག་བྱུང་མོད་ཀྱང་། ཡིག་ཆ་འདི་དུས་རབས་བཅུ་གཉིས་པའི་དུས་སྟོད་དུ་བརྩམས་པའི་སྒྲུབ་བྱེད་ཡང་དག་ལྡན་ཞིང་། ཡིག་ཆ་འདི་ནི་མིག་སྔའི་ལོ་རྒྱུས་ཆོས་འབྱུང་གྲགས་ཅན་ཏེ《ལྡེའུ་ཆོས་འབྱུང》དང་། 《རྒྱལ་རབས་གསལ་བོའི་མེ་ལོང》དང《ཡར་ལུང་ཇོ་བོའི་ཆོས་འབྱུང》 《དེབ་དམར》དང《དེབ་སྔོན》དངམངའ་རིས་རྒྱལ་རྒྱུད》དང《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ཀྱི་སྔོན་དུ་བྱུང་ཞེས་བརྗོད་པ་རེད།  །