ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་སྟོད་འདིར་གསར་འགོད་པ་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་རྒྱ་རྗེས་སྡེ་བའི་ཨ་ཞ་རུ་བར་བསྐྱོད་པ་ན། རིག་གནས་འགྲེམ་གྱང་གི་ཁྱད་ཆོས་མངོན་པར་གསལ་ལ། གསོན་ཉམས་ལྡན་པའི་སྒོ་ནས་གསར་བརྗེའི་ཤུལ་རྗེས་རླབས་ཆེན་མཚོན། གསར་དུ་བྱུགས་པའི་གྱང་རྩིས་སྡེ་བའི་རྣམ་པ་གསར་བར་བསྒྱུར་ཞིང་གནའ་བོའི་ཁྱད་ཆོས་ཡལ་མེད། ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་དང་ཐུན་མིན་གྱི་ས་ཁོངས་རིག་གནས། རྫོང་མཐུག་པའི་མི་ཆོས་རིག་གནས་བཅས་ཀྱིས་གྲོང་གསེབ་ཀྱི་ཐུན་མིན་གྱི་མཛེས་པ་ལེགས་པར་ངོམས། སྡེ་བའི་ཁྱིམ་གཉེར་མགྲོན་ཁང་གསར་བས་གཅིག་གྱུར་གྱིས་ཉོས་པའི་གདན་དར་སླེབས་པས། སྦྱིན་བདག་རྣམས་ཀྱིས་གདན་དར་ཉལ་ཁྲིར་འདིང་བཞིན་ཡོད།
རི་བོ་དང་ཆུ་བོ་མཐོང་ཐུབ་ལ། ཕ་ཡུལ་གྱི་དྲན་གསོ་བ་བཅས་ནི། ཡུལ་སྐོར་བ་མང་བོར་མཚོན་ན་འཚོ་བའི་ཡིད་སྨོན་འཆོར་ས་ཡིན། གྲོང་གསེབ་ཏུ་བུད་མེད་མང་བོས་ཁྱིམ་དུ་ལོ་ལོན་དང་བྱིས་པར་ལྟ་སྐྱོང་བྱེད་དགོས་པས། ལས་ཞུགས་ཀྱི་གོ་སྐབས་ལྟོས་བཅས་ཀྱིས་ཆུང་། སྡེ་བ་འདིའི་བཀྲ་ཤིས་མཚོའང་དེའི་གྲས་ཡིན། མོས་གསར་འགོད་པར་བཤད་རྒྱུར། བྱིས་པ་ཆོས་རྗེ་ཡུལ་ཚོའི་ལྟེ་བའི་སློབ་ཆུང་དུ་ཡོད། ངས་དུས་ཡུན་རིང་བོར་ཁྱིམ་ནས་ལོ་ལོན་དང་བྱིས་པར་ལྟ་སྐྱོང་བྱས་པ་ཡིན། ད་ལྟ་ཁྱིམ་གཉེར་མགྲོན་ཁང་ཡོད་པས། རང་ཁྱིམ་ནས་ལས་ཞུགས་བྱེད་ཐུབ། ཕྱོགས་གང་ཐད་ལ་སློབ་སྦྱོང་བྱས་ཏེ་རང་ཁྱིམ་གཙང་མར་བཟོས་ན། ཚོང་བཟང་ངེས་ཡིན།
སྡེ་དམངས་བཀྲ་ཤིས་མཚོ་ཚང་དུ་བསྐྱོད་པ་ན། ར་སྐོར་དུ་བྲེལ་བའི་རྣམ་པས་ཁེངས་ལ་ད་དུང་སྐྱུར་ཚལ་ཉི་མར་བསྐམས་ཡོད། མོས་ཡུལ་ཚོའི་ལས་བྱེད་པ་དང་མཉམ་དུ་གདན་དར་གསར་བ་བགོ་ལེན་བྱེད་བཞིན་ཡོད། མོ་ཚང་གིས་ཁྱིམ་གཉེར་མགྲོན་ཁང་ཐོག་གཉིས་པར་ཕྱེ་ཡོད། དེའི་ནང་ཤག་བོད་ཀྱི་རྣམ་པ་ལྟར་བསྐྲུན་ཞིང་ཡིད་དུ་འོང་ལ། བཤམས་དངོས་གྲ་འགྲིག་པ་དང་། ཞབས་ཞུའི་དངོས་རྫས་རེ་རེར་རིག་གནས་ཀྱིས་ཕྱུག་ཅིང་། ལྗོངས་གཟིགས་དྲ་མིག་ལས་དགོང་མོའི་སྐར་མར་ལྟ་ཐུབ་ལ། ཞོགས་པའི་སྐྱ་རེངས་དང་མཉམ་དུ་རྒྱང་རིང་གི་ནགས་ཚལ་དང་གངས་རི་མིག་ལ་འཆར་འོང་། མགྲོན་ཤག་འདི་ནི་ཆེས་ཆེ་བ་ཡིན། འདིར་རྒྱང་རིང་གི་ལ་དམར་རི་བོ་མཐོང་ཐུབ་ཅེས་བཀྲ་ཤིས་མཚོས་ཅུང་ཁ་སྐྱེངས་པའི་སྒོ་ནས་བཤད།
ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོས་ས་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་སྒོས། གསར་བརྗེའི་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ། རི་ཆུའི་ཡུལ་ལྗོངས་བཅས་ཟུང་འབྲེལ་གྱིས་ཐོན་ལས་གསུམ་པ་དར་སྤེལ་ལ་འབད། ད་ལོར་ཡུལ་ཚོ་དང་གྲོང་སྡེ་རིམ་པ་གཉིས་ཀྱིས་སྡེ་དམངས་ཀྱི་འདུན་པ་བསྡུ་ལེན་གང་ལེགས་སྒོས། རང་དགར་བཞག་པའི་སྡོད་ཁང་དང་ཞིང་ཁྱིམ་སྤྲོ་གསེང་གླིང་གི་ཐོན་ཁུངས་བེད་སྤྱད་དེ། མ་དངུལ་གྱི་རོགས་སྐྱོར་ལམ་ནས་ཁང་བ་རྙིང་བ་ཁྱིམ་གཉེར་མགྲོན་ཁང་དུ་བཅོས་པ་དང་སྦྲགས། ཉེ་འཁོར་གྱི་སྒྲིག་ཆས་འཐུས་ཚང་དུ་བཏང་བར་མ་ཟད། སྡེ་དམངས་རྩ་འཛུགས་ཀྱིས་ཞབས་ཞུའི་ནུས་པ་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ཁྱིམ་གཉེར་མགྲོན་ཁང་ལ་མགྲོན་པོ་བསུ་བའི་ནུས་པ་ལྡན་དུ་བཅུག
རྒྱ་རྗེས་སྡེ་བའི་སྡེར་སྡོད་ལས་སྒྲུབ་རུ་མི་སྐལ་བཟང་སྒྲོལ་མས་བཤད་རྒྱུར། ང་ཚོའི་རྒྱ་རྗེས་སྡེ་བའི་ཨ་ཞ་རུ་བའི་ཁྱིམ་གཉེར་མགྲོན་ཁང་ནི། གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་ལག་བསྟར་ལ་བརྟེན་པ་ཡིན། ཨ་ཞ་རུ་བའི་ཁྱིམ་ཚང་བཅུ་ཡི་ཁྱིམ་གཉེར་མགྲོན་ཁང་ཐད། རྒྱལ་ཁབ་ཀྱིས་ཁྱིམ་ཚང་སོ་སོར་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱི་མ་དངུལ་སྒོར་ཁྲི་ལྔ་རོགས་སྐྱོར་གནང་། ལྷག་མའི་འགྲོ་སྒོ་མི་སེར་རང་གིས་བཏང་བ་ཡིན། ང་ཚོ་ཁྱིམ་ཚང་རེ་ལ་ཁྱིམ་གཉེར་མགྲོན་ཁང་གི་ཁང་ཤག་གསུམ་ནས་བརྒྱད་བར་ཡོད། ད་ཆར་སྣེ་ལེན་ནུས་པ་འཛོམས་པས། ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ཕེབས་པར་དགའ་བསུ་ཞུ་ཟེར།
ཨ་དཔལ་ནི་ས་གནས་རང་གི་མི་ཡིན། ཁོས་གསར་འགོད་པར་བཤད་རྒྱུར། ལོ་འདི་དག་རིང་ངལ་ལས་དང་ཞིང་ལས་ལ་བརྟེན་ཏེ་འཚོ་ཚིས་བསྐྱངས་པ་ཡིན། ད་ལྟ་ཁྱིམ་གཉེར་མགྲོན་ཁང་ཕྱེ་སྟེ་རང་ཉིད་སྦྱིན་བདག་དུ་གྱུར་བས། སེམས་པ་རབ་ཏུ་སྤྲོ། ད་ལྟ་ཞབས་ཞུའི་སྒྲིག་ཆས་ཚང་མ་འཐུས་སྒོ་ཚང་ལ་ཉེ་བས། དངོས་སུ་སྣེ་ལེན་བྱས་རྗེས། ཁོ་དང་བཟའ་ཟླ་གཉིས་ཀྱིས་ཞབས་ཞུ་གང་ལེགས་ཞུས་ཏེ། རྒྱང་རིང་གི་མགྲོན་པོ་རྣམས་ལ་བོད་ཀྱི་མགྲོན་བསུའི་རིག་གནས་མྱོང་དུ་བཅུག་ནས། ཁོ་ཚོའི་ཡིད་ཚིམ་དུ་འཇུག་རྒྱུ་ཡིན་ཟེར། སྡེ་དམངས་ཨ་དཔལ་གྱིས་བཤད་རྒྱུར། ཁྱིམ་གཉེར་མགྲོན་ཁང་ཕྱེ་རྗེས་ང་ཚོའི་ཡོང་འབབ་ཇེ་མཐོར་བཏང་། ང་ཚོས་ཀྱང་ཕྱིའི་མགྲོན་པོ་འདིར་བསུ་བར་གྲ་སྒྲིག་གང་ལེགས་བྱས་ཡོད། ང་ཚོའི་ཁྱིམ་གཉེར་མགྲོན་ཁང་ལ་སྲིད་གཞུང་གིས་ཁྱིམ་ཚང་རེ་ལ་གསབ་དངུལ་སྒོར་ཁྲི༥རེ་གནང་། སང་ལོར་ང་ཚོའི་ཚོང་དེ་བས་བཟང་ལ་ཡོང་འབབ་ལྷག་ཏུ་མཐོ་བའི་རེ་བ་ཆེ། ཏང་ཨུ་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ། ང་ཚོས་རང་གི་ནུས་ཚོད་ཀྱིས་འབད་པ་བྱས་ཏེ། གསར་བརྗེའི་རིག་གནས་དང་གསར་བརྗེའི་ཡུལ་སྐོར་ཟུང་འབྲེལ་སྒོས། ང་ཚོའི་ཡོང་འབབ་ཇེ་མཐོར་གཏོང་རྒྱུ་ཡིན། ང་ཚོའི་ཚོང་ཤིན་ཏུ་བྲིན་པར་སྨོན་འདུན་ཞུ་ཟེར།
ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་གྲོང་གསེབ་དར་སྤེལ་ནི། སྤྱི་ཡོངས་ལས་ཀའི་གལ་ཆེན་ནང་གི་དོན་ཆེན་དུ་བརྩིས་ཏེ། རང་འགུལ་གྱིས་འཚོལ་ཞིབ་དང་འབད་བརྩོན་སྒོས། དབུལ་ཐར་འགག་སྒྲོལ་ཕན་འབྲས་ཇེ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཟུང་འབྲེལ་ནུས་ལྡན་བྱེད་པའི་ལས་འགན་གཙོ་བོ་སོ་སོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གནང་སྟེ། བྱེད་ཐབས་སྣ་ཚོགས་ཀྱིས་ཡུལ་བབ་ལྟར་གཅིག་གྱུར་གྱིས་ཐུན་མོང་གི་གནད་དོན་ཐག་གཅོད་པ་དང་། གཏད་སོ་ཡོད་པའི་སྒོ་ནས་དམིགས་བསལ་གྱི་གནད་དོན་ཐག་བཅད་པ། རྒྱ་རྗེས་སྡེ་བའི་དོན་དངོས་ལ་དམིགས་ཏེ། ཁྱིམ་གཉེར་མགྲོན་ཁང་ཐོན་ལས་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་གྱི་འདེགས་སྐྱོར་གལ་ཆེན་དུ་བརྩིས་ཏེ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དང་མགྲོན་ཁང་གི་ཇུས་འགོད་ལེགས་སྒྱུར། ཁྱད་པར་ཅན་གྱི་དམངས་སྲོལ་ཞབས་ཞུ་འདོན་སྤྲོད་སོགས་བྱས་པ་བརྒྱུད། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཁྱིམ་གཉེར་མགྲོན་ཁང་བསྐྲུན་ཏེ། ས་གནས་ཀྱི་སྡེ་དམངས་ཀྱིས་རང་གི་ཁྱིམ་སྒོར་ལས་ཞུགས་བྱེད་པར་བསྐུལ་ནས། སྡེ་དམངས་ཀྱི་ཡོང་འཕར་ལམ་བུ་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་གསར་བ་བསྐྲུན།
དགུན་གྱི་ཉི་འོད་དྲོན་པོའི་འོག་ཨ་ཞ་རུ་བའི་ཐང་ཆེན་གསར་བ་ཁོད་ཡངས་ལ་ཤིན་ཏུ་སྐྱིད། དགུན་ཚུགས་པ་དང་མཉམ་དུ་ཐང་ཆེན་གྱི་མེ་ཏོག་རྙིད་རུང་། སང་ལོའི་དཔྱིད་ཀར་སླར་ཡང་རྣམ་པ་བཞད་འོང་། སྡེ་བའི་ཁྱིམ་གཉེར་མགྲོན་ཁང་གསར་བ་རྣམས་ཞབས་ཞུའི་སྒྲིག་ཆས་འཐུས་གཏོང་ལས་ལ་བྲེལ་ཏེ། སང་ལོར་ཕྱོགས་བཞིའི་སྐུ་མགྲོན་བསུ་ལ་བསྒུགས་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོས་གྲོང་གསེབ་ཀྱི་ཁྱིམ་གཉེར་མགྲོན་ཁང་ཚོང་ལས་གཉེར།