ཕུགས་འདུན་གྱི་ཆེད་དུ་སི་ཁྲོན་གྱི་གཞོན་ནུ་འདིས་རི་ཁུལ་དུ་རྐང་གྲུག་ར་བ་ཞིག་བསྐྲུན་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་འཚོགས་མགོ་རྩོམ་ལ་ཉེ་བའི་སྐབས་འདིར། རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྙན་ཐུང་སྐོར་ཞིག་གཞུང་ཕྱོགས་དྲ་བར་བཀོད་པ་དང་དེ་དག་གིས་མི་མང་པོར་སེམས་འགུལ་ཐེབས་སུ་བཅུག་ཡོད་ཅིང་། དེའི་ཁྲོད་ཀྱི་བརྙན་ཐུང་ཞིག་གི་མི་སྣ་གཙོ་བོ་ནི་ལོ20ཡིན་པའི་སི་ཁྲོན་ལེའང་ཧྲན་གྱི་ན་གཞོན་ཅི་ཧྥུ་ལཱ་མ་རེད།

1.gif

པར་འདི་ནི@FIFAརྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞུང་ཕྱོགས་དྲ་བར་བཀོད་པའི་བརྙན་ཐུང་གི་པར་རིས་རེད།

ལཱ་མ་རྒྱུ་རྐྱེན་གང་མང་ཞིག་ལ་བརྟེན་ནས་ཆུང་དུས་ནས་རྐང་གྲུག་ལ་དགའ་བའི་ཞེན་པ་རྒྱུད་དུ་ཆགས་ཤིང་། རི་ཁུལ་དུ་རང་ཉིད་ཀྱི་རྐང་གྲུག་ར་བ་བསྐྲུན། སྔོན་ཆད། ལཱ་མས་ལོ་ལྔའི་ནང་ལས་རིགས་རྐང་གྲུག་རུ་ཁག་ནང་ཞུགས་རྒྱུའི་དམིགས་འབེན་བཅངས། ད་ལྟ། ཁོ་རི་ཁུལ་ནས་ཐོན་ཏེ། སྐབས་དང་པོའི་ཀོང་ཞི་མནའ་འབྲེལ་བུམ་པའི་འགྲན་བསྡུར་ནང་ཞུགས།

ལིའང་ཧྲན་དབྱི་རིགས་ཀྱི་གཞོན་ནུས་རི་ཁུལ་དུ་རྐང་གྲུག་ར་བ་བསྐྲུན་ཏེ་རང་ཉིད་ཀྱི་སེམས་གཏིང་གི་ལས་རིགས་རྐང་གྲུག་རུ་ཁག་ནང་ཞུགས་པའི་ཕུགས་འདུན་གྱི་ཆེད་དུ་སྡུག་རུས་ཆེན་པོས་སྦྱོང་བརྡར་བྱས།

སྤོ་ལོ་ངའི་རྐང་འོག་ནས་འཛིན་ཐུབ་པའི་ཚོར་བ་འདི་བརྗོད་ཀྱིས་མི་ལངས།

ལོ14སྐབས་སུ་ཁོའི་རྒྱུད་ལ་རྐང་གྲུག་གི་བག་ཆགས་ཟབ་མོ་ཞིག་བཞག

ཅི་ཧྥུ་ལཱ་མ་ལ་མཚོན་ན་རྐང་གྲུག་ལས་གཞན་པའི་དོན་ཆེན་ཞིག་མེད་པ་འདྲ།

ད་ལོའི་ཟླ6པའི་སྔ་རྗེས་སུ། ལཱ་མ་ཀོང་ཞི་ཧྲང་ལིང་རྩལ་འགྲན་ལུས་རྩལ་རུ་ཁག་ནང་ཞུགས་ཤིང་། སྐབས་དང་པོའི་ཀོང་ཞི་མནའ་འབྲེལ་བུམ་པའི་འགྲན་བསྡུར་ནང་ཞུགས། ཉེ་ཆར་ད་གཟོད་ལེའང་ཧྲན་དུ་ལོག་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས། ལཱ་མས་ད་ལྟ་ཁོའི་སྔོན་ཆད་ཀྱི་ལོ5ཡི་རྗེས་སུ་ལས་རིགས་ལམ་བུའི་སྟེང་བསྐྱོད་པའི་དམིགས་འབེན་དང་ཐག་ཇེ་ཉེར་འགྱུར་བཞིན་ཡོད་ཅེས་བཤད།

2.jpg?x-oss-process=style/w10

པར་འདི་ནི་ཁ་བས་གཡོགས་པའི་རྐང་གྲུག་ར་བ་རེད།

རྐང་གྲུག་ལས་རིགས་མཉམ་འབྲེལ་འགྲན་བསྡུར་ནང་ཞུགས་པའི་སྐོར་གླེང་སྐབས། ཅི་ཧྥུ་ལཱ་མས་དགའ་ཕྱོགས་འདི་ཁོ་ལོ14ཡིན་པའི་ལོ་དེར་རྒྱུད་ལ་བཞག་པ་ཡིན་ཞེས་ཕྱིར་དྲན་བྱེད་བཞིན་བཤད།

ཅི་ཧྥུ་ལཱ་མས། གྲོགས་པོ་གྲོང་ཁྱེར་དུ་སློབ་གྲྭ་འགྲིམ་བཞིན་ཡོད་པ་དང་། ཁོ་ཕྱིར་ལོག་རྗེས་ང་ལ་ཕྱི་རོལ་གྱི་གཏམ་རྒྱུད་མང་པོ་བཤད་ལ། ང་དང་རྐང་གྲུག་སྐོར་གླེང་བ་མ་ཟད། པཱ་སའེ་ལུའོ་ནཱ་ཡི་སྤོ་ལོ་ལྭ་བ་ཞིག་ཀྱང་ལ་བྱིན། ལྭ་བ་དེ་བརྒྱུད་ནས། ངས་རིམ་བཞིན་རྐང་གྲུག་ལ་རྒྱུས་ལོན་བྱེད་པ་ཡིན་ཞེས་བཤད།

དུས་རྒྱུན་རྒྱུག་འདུར་གྱི་དབང་གིས་ལཱ་མའི་ཉྭ་ཏུའི་ཤ་གནད་མངོན་པར་གསལ་ཞིང་། དམའ་འབྲིང་ལོ་རིམ་གཉིས་པར་བསླེབས་རྗེས། ཁོ་རྩལ་གྱིས་རྫོགས་པའི་བེའུ་ཞིག་དང་འདྲ་བར། རྒྱུན་པར་མཉམ་དུ་རྐང་གྲུག་རྩེད་མཁན་གྱི་གྲོགས་པོ་དག་རྗེས་སུ་བསྐྱུར་འགྲོ།

ཅི་ཧྥུ་ལཱ་མས་བཤད་རྒྱུར། སྐབས་དེར་ངའི་གཟའ་འཁོར་གཅིག་གི་འཚོ་བའི་གྲོན་དངུལ་སྒོར50ལས་མེད། འོན་ཏེ་རྐང་གྲུག་ཞིག་ལ་སྒོར55དགོས་པས། ངས་གཟའ་འཁོར་གཉིས་ལ་སྒོར་མོ་གསོག་རྗེས་ད་གཟོད་རང་གི་མི་ཚེའི་རྐང་གྲུག་དང་པོ་དེ་ཉོས་པ་ཡིན། དམའ་འབྲིང་གི་སྐབས་སུ་རྐང་གྲུག་ར་བ་མེད་པས། ངས་ལག་གྲུག་ར་བའི་ནང་ནས་རྩེད་པ་ཡིན། དམའ་གཅིག་གི་སློབ་མ་རྣམས་ཀྱིས་ངའི་རྗེས་སྙེག་ནས་བདའ་མོད། ཅི་ལྟར་བདའ་རུང་ངའི་རྗེས་མི་ཆོད། སྤོ་ལོ་ནམ་ཡང་ངའི་རྐང་འོག་ཏུ་ཡོད་པའི་ཚོར་བ་དེ། ངའི་ལོངས་སྤྱོད་ཅིག་རེད།

གཙོ་གནད་མཐོ་འབྲིང་མ་འགྲིམ་པར། སློབ་མཚམས་འཇོག་རྒྱུའི་རེ་ཞུ་ཕུལ་ཞིང་། ཕ་ཡུལ་དུ་ལོག་ནས་རང་ཉིད་ཀྱི་རྐང་གྲུག་ར་བ་བསྐྲུན།

2018ལོར། ལས་རིགས་མཐོ་འབྲིང་དུ་རྐང་གྲུག་ར་བ་ཡོད་པ་དང་། མཐོ་འབྲིང་དུ་རྐང་གྲུག་ར་བ་མེད་པ་དེའི་དབང་གིས། སྦྱངས་འབྲས་ཕུལ་དུ་བྱུང་བའི་ལཱ་མས་གཙོ་གནད་མཐོ་འབྲིང་བློས་བཏང་སྟེ། ས་གནས་དེ་གའི་ལས་རིགས་མཐོ་འབྲིང་ཞིག་ཏུ་འགྲིམས། 

ལཱ་མས་ཕྱིར་དྲན་བྱེད་པར། དེ་དུས་ཁོས་སློབ་གྲྭར་སྔ་དྲོ་སློབ་ཁྲིད་ལ་ཉན་པ་དང་། ཕྱི་དྲོར་རྐང་གྲུག་རྩེད་པའི་རེ་ཞུ་ཕུལ། དང་ཐོག་སློབ་གྲྭ་འཐད་པ་བྱུང་མེད། འོན་ཏེ་ཟླ་རྒྱུགས་དང་པོའི་ཁྲོད། ཁོས་ལོ་རིམ་ཡོངས་ཀྱི་ཨང་དང་པོ་བླངས་པས། སློབ་གྲྭའང་འཐད་པ་བྱུང་། ལོ་གཅིག་གི་རྗེས་སུ། ལཱ་མས་ཡང་བསྐྱར་སློབ་མཚམས་འཇོག་པའི་རེ་ཞུ་ཕུལ་ཞིང་། ཕ་ཡུལ་དུ་ལོག་ནས་རྐང་གྲུག་རྩེད་རྒྱུའི་བློ་ཐག་བཅད།

3.jpg?x-oss-process=style/w10

ལཱ་མས་ཕུལ་བའི་སློབ་མཚམས་འཇོག་པའི་རེ་ཞུ་ཡི་གེ།

ལཱ་མ་འཚོ་བ་རོལ་སའི་གནས་དེར་རྐང་གྲུག་ར་བ་མེད་པས། ཁོས་རང་ཉིད་ཀྱི་རྐང་གྲུག་ར་བ་དང་པོ་དེ་ཕྱོགས་བཞིར་རི་བོས་བསྐོར་བའི་རི་ཁུལ་ཆུང་ཆུང་ཞིག་ཏུ་བསྐྲུན།

རི་འདབས་སུ་ཡོད་པའི་རང་ཁྱིམ་ནས་སྤོ་ལོ་འཁྱེར་ཏེ་རི་རྩེར་རྒྱུག་ན། དུས་ཚོད་གཅིག་དགོས། ཉིན་རེའི་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་། ལཱ་མས་སྤོ་ལོ་ཁྱེར་ནས་རི་རྩེར་རྒྱུག་རྗེས། ཡང་བསྐྱར་ཁྱིམ་དུ་ལོག་ནས་ཞིང་ལས་གཉེར་རོགས་བྱེད་པ་དང་། དེ་ནས་རྐང་གྲུག་ར་བར་རྒྱུག་ནས་སྦྱོང་བརྡར་བྱེད་བཞིན་ཡོད།

4.jpg?x-oss-process=style/w10

པར་འདི་ནི་ལཱ་མའི་བསྐྲུན་པའི་རྐང་གྲུག་ར་བ་རེད།

ལཱ་མའི་ཨ་ཕས་གྲོང་ཚོ་རུ་འདྲུད་འཐེན་འཁོར་ལོ་བསྐོར་བཞིན་ཡོད་ལ། ཨ་མས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བཞིན་ཡོད། ཁོ་ཚོས་བུ་ཡི་གདམ་ཀར་འཐད་པ་དང་རྒྱབ་སྐྱོར་གང་ལེགས་བྱས་ཡོད། ལོ་བཞི་ལྔ་ཡི་དུས་ཚོད་ནང་། ལཱ་མའང་རིམ་བཞིན་འཚར་ལོངས་བྱུང་ཞིང་། ཁོས་ལེའང་ཧྲན་དུ་བསྐྲུན་པའི་རྐང་གྲུག་ར་བར་ཡང་ཟམ་མི་ཆད་པར་འགྱུར་ལྡོག་འབྱུང་བཞིན་འདུག

ལཱ་མས་ཕྱིར་དྲན་བྱས་པར། སྤོ་ལོ་ར་བ་དང་པོ་བསྐྲུན་རྗེས། ཁོས་མཐའ་འཁོར་དུ་དྲ་བ་དཀར་པོ་འགའ་འཐེན་པ་ཡིན། ཐེངས་ཤིག་ལ་ལུག་ཅིག་དྲ་བའི་ནང་འཛུལ་ནས་ཕྱིར་མ་ཐར་བར་ཤི་བས། ཨ་ཕས་སྒོར1000གི་སྐྱིན་ཚབ་འཇལ་མོད། འོན་ཀྱང་ཨ་ཕ་ཁྱིམ་དུ་ལོག་རྗེས་ཁོ་ལ་སྐྱོན་བརྗོད་མ་བྱས་པར། རང་ཁྱིམ་དང་ཐག་ཉེ་ས་ཞིག་བཙལ་ནས་མུ་མཐུད་དུ་སྤོ་ལོ་སྦྱོང་དགོས་པའི་བསམ་འཆར་བཏོན་ཡོད།

སྐབས་དེར། སྟོན་བསྡུ་བའི་སྐབས་དང་འཁེལ་ཞིང་། ལཱ་མས་མ་རྨོས་ལོ་ཏོག་གི་སོག་མ་བཅད་རྗེས་ཞིང་རྨོས་ཤིང་། ཞིང་ནང་དུ་སྤོ་ལོ་ར་བ་གཉིས་པ་དེ་བསྐྲུན་པ་རེད། 

ཅི་ཧྥུ་ལཱ་མས་བཤད་རྒྱུར། སྐབས་དེར་ར་བ་གསེག་ངོས་ཤིག་ཡིན་པ་དང་། ངས་ཉིན་རྒྱུན་རྐང་གྲུག་འཕེན་རྩལ་སྦྱངས། རྗེས་སུ་ཨ་ཕས་ཡང་ངའི་རྐང་གྲུག་སྦྱོང་བའི་གནས་ཚུལ་ལ་དོ་སྣང་བྱས་པ་དང་། གཞན་གྱི་རྐང་གྲུག་ར་བ་སྙོམས་ངོས་ཡིན་པ་ཤེས་རྗེས་ས་བརྐོ་འཕྲུལ་ཆས་ཤིག་གླས་ཏེ་ར་བ་བདེ་སྙོམས་སུ་བཏང་བ་རེད།

5.jpg?x-oss-process=style/w10

པར་འདི་ནི་ལཱ་མའི་རྐང་གྲུག་ར་བ་གཉིས་པ་རེད།

ལས་རིགས་མཉམ་འབྲེལ་འགྲན་བསྡུར་ལ་རེ་སྨོན་བྱེད་བཞིན། སྔར་བཞིན་མ་འོངས་པའི་ཕྱོགས་སུ་འབད་པས་རྒྱུག་བཞིན་ཡོད།

གཞོན་ནུའི་དུས་སུ་སློབ་མཚམས་བཞག་ཅིང་རང་ཉིད་ཀྱིས་རྐང་གྲུག་ར་བ་བསྐྲུན་ནས་སྦྱོང་བརྡར་བྱས། ལཱ་མའི་སྟེང་གི་མཚོན་རྟགས་རེ་རེར། གླེང་གཞི་ཆེན་པོ་ལྡན། ལོ་འདི་གར། ཁོ་བཙལ་མཁན་གྱི་ཀུང་སི་དང་སྤོ་ལོ་རུ་ཁག་གིས་དྲིལ་སྒྲོག་གི་འཁྱེར་སོ་ཙམ་བཅངས་ཡོད་ཚོད་རེད། ལཱ་མས་རང་ཉིད་ཀྱི་མདུན་དུ་ལུས་པའི་དངོས་ཡོད་དཀའ་ཁག་དང་མི་རྣམས་ཀྱི་དོ་ཁུར་གནད་གསལ་བོར་རྟོགས་ཡོད་མོད། འོན་ཀྱང་སྤོ་ལོ་རྩེད་ཐུབ་ན། དེ་དག་ལ་འབྲེལ་བ་ཅི་ཡང་མེད་པར་བསམ།

ཅི་ཧྥུ་ལཱ་མས་བཤད་ན། གསར་དུ་བཙུགས་པའི་རུ་ཁག་ཅིག་གིས་ང་ལ་གན་རྒྱ་འཇོག་པར་ཁས་བླངས་ཤིང་། ཁོ་ཚོ་ལས་རིགས་རུ་ཁག་ཅིག་ཏུ་འགྱུར་བའི་གོ་སྐབས་ལྡན། འོན་ཀྱང་ང་ཕལ་ཆེར་བརྗེ་སྣོན་རུ་མིའམ་འཐུང་ཆུའི་དོ་དམ་པ་ཞིག་ཏུ་འགྱུར་སྲིད། དེ་ལྟར་ཡིན་ཡང་ང་རང་ལས་རིགས་མཉམ་འབྲེལ་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་ར་ནས་སྐར་མ་འགར་རྩེད་དེ་ལས་རིགས་འགྲན་བསྡུར་ལོངས་སུ་སྤྱོད་ཐུབ་ནའང་སྲིད།

ཉེ་བའི་ལོ་འགའི་རིང་། ལཱ་མས་དུས་རྒྱུན་རྩལ་སྦྱོང་བརྙན་ཐུང་དྲ་ཐོག་ཏུ་སྤེལ་བཞིན་ཡོད། འོན་ཀྱང་དུས་ཚོད་མང་ཆེ་བར་ཁོ་རང་གཅིག་པུ་རྐང་གྲུག་ར་བའི་མཐའ་སྐོར་ནས་སྦྱོང་བརྡར་བྱེད་བཞིན་ཡོད།

ད་ལྟ། ལོ20ལ་བུད་པའི་ལཱ་མས་སྔར་བཞིན་ལས་རིགས་མཉམ་འབྲེལ་འགྲན་བསྡུར་ལ་རེ་སྨོན་བྱེད་བཞིན་མཆིས་ཤིང་། དེ་བས་ཀྱང་འབྱུང་འགྱུར་ལ་འཆར་འགོད་ལེགས་པོ་བྱེད་བཞིན་ཡོད། མ་འོངས་པར་བྱིས་པ་མང་པོའི་སྣེ་ཁྲིད་ནས་སྤོ་ལོ་རྒྱག་ཐུབ་ཆེད། 2020ལོར། ལཱ་མ་ལེའོ་ཉིང་ཧྲིན་དབྱང་དུ་སོང་ནས་རྐང་གྲུག་རྩལ་ཁྲིད་པDརིམ་པའི་ལག་ཁྱེར་ལ་རྒྱུགས་སྤྲད།

ལཱ་མས་ཡིས། དང་ཐོག་ང་ཕམ་ཁ་ལ་ཧ་ཅང་སྐྲག་མོད། འོན་ཀྱང་གཞན་པ་ལས་རྣམ་པར་རྒྱལ་མི་ཐུབ་སྐབས་ཀྱང་ཤེས་བྱ་ཁ་ཤས་སྦྱོང་ཐུབ་པ་རྟོགས་ཡོད།  གལ་ཏེ་སྤོ་ལོ་རྩེད་ནས་གྲུབ་འབྲས་བཟང་པོ་ཞིག་མ་ཐོབ་ན། ང་རང་རྩལ་ཁྲིད་པ་ཞིག་བྱ་རྒྱུ་ཡིན། ད་ལྟ་ངས་བྱིས་པ་རྣམས་ལ་དངོས་སུ་སློབ་ཁྲིད་བྱེད་ཀྱིན་མེད། རྒྱུ་མཚན་ནི་རང་གི་ཕུགས་འདུན་མངོན་འགྱུར་འབྱུང་བའི་གོ་སྐབས་ད་དུང་ཡོད་པར་འདོད་ཅེས་བཤད།

འབའ་འབུར་མི་སྙོམས་པའི་རི་ཁུལ་གྱི་སྤོ་ལོ་ར་བ་རུ། ཕུགས་འདུན་སེམས་སུ་ཉར་བའི་གཞོན་ནུ་དེས། སྔར་བཞིན་མ་འོངས་པའི་ཕྱོགས་སུ་རྒྱུག་བཞིན་མཆིས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།