དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་རྔ་བའི་མཚམས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ལེགས་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་ཚུན། རྔ་བ་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ། དོམ་ཁྲ་གཙོ་བོར་བྱེད་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་།

སྤྱི་གླིང་གི་ཁོར་ཡུག་ཇེ་ལེགས་སུ་བཏང་བ། “རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་ལས་འགན་དང་པོ་ཡིན་པའི”འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། སྐྱེ་ཁམས་ནགས་སྲུང1131གདན་ཞུ་བྱས་པ་བརྒྱུད། སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་ནས་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོང་བྱ་རྒྱུ་དེ་ཁྱོན་ཡོངས་ལ་ཁྱབ་ཡོད། སྔོ་ཁེབས་མུའུ་ཁྲི1.63སླར་གསོ་དང་། སྐྱེ་དངོས་གསོ་སྤེལ(སྨྱུག་ནགས་བསྐྱར་དར)མུའུ་ཁྲི2.03སླར་གསོ་ཡོང་བ། སྨྱུག་མའི་ཐོན་ལས་རྟེན་གཞི་མུའུ་ཁྲི1.01གཏོད་པ་བཅས་བྱས། གཞན་ཡང་། ལས་དོན་གྱི་འགན་འཁྲི་ཏན་ཏིག་འཁུར་ནས་མང་ཚོགས་ཀྱི་དྲིལ་སྒྲོག་སློབ་གསོ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར། མེ་ཁུངས་དོ་དམ་ཚོད་འཛིན་སོགས་སྤེལ་བ་མ་ཟད། འབྲེལ་ཁུལ་དང་རིམ་པ་བགོས་ནས་མེ་སྐྱོན་སྔོན་འགོག་གི་བྱེད་ཐབས་དོན་འཁྱོལ་གནད་སྨིན་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒོ་ནན་སྲུང་བྱས་ཏེ་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་ནང་གི་ཆུ་ཤུགས་གློག་ཁང་ཆུང་གྲས་རིགས་དབྱེ་ཐག་གཅོད་དང་། གཏེར་ལས་དབང་ཆ་ཁྱོན་ཡོངས་ནས་གཙང་བཤེར་དང་ཐག་གཅོད་བྱས།

རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལྟ་སྐུལ་ཚོད་འཛིན་བརྙན་ལམ་ས་ཚིགས31དང་། མེ་ཟོན་སྤྲིན་སྟེགས་རུ་ཁག8། ལྟ་ཞིབ་ཚད་ལེན་ས་ཚིགས2། མི་མེད་གནམ་གྲུ5བཅས་བཀོད་སྒྲིག་བྱས་པ། རེག་དབྱིབས་དམར་ཕྱིའི་པར་ཆས515བཙུགས་པ། རླངས་འཁོར་རིགས་དང་མི་སྣ་འགྲོ་འོང་ལྟ་སྐུལ་ཚོད་འཛིན་བརྙན་ལམ་ས་ཚིགས19བཅས་བཀོད་སྒྲིག་བྱས་པ་མ་ཟད། དོ་དམ་སྲུང་སྐྱོང་ས་ཚིགས4དང་། རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་ལྟེ་གནས1། ནགས་ཚལ་མེ་ཟོན་ཞིབ་བཤེར་ས་ཚིགས1། སྲུང་སྐྱོང་ཞིབ་འཇུག་རྟེན་གཞི1བཅས་བཙུགས་ནས་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི0.8ཟིན་པ་རེད། ཁོར་ཡུག་སྨི་གྲུ་བཞི་མ་ཁྲི4.5བཅོས་སྒྲིག་བྱས་པ་དང་གཞུང་ལམ་སྣ་ཚོགས་སྤྱི་ལེ60གསར་སྐྲུན་དང་སླར་གསོ་བྱས་ཡོད།

དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ། དོམ་ཁྲའི་སྤུས་རྟགས་ལ་བརྟེན་ནས《དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་དྲིལ་སྒྲོག་གློག་བརྙན》དང་དོམ་ཁྲའི་གཟུགས་བརྙན་གླུ་གཞས《རི་ཆུའི་འབྱུང་གནས》བཟོས་པ་རེད། སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་དང་བརྙན་འཕྲིན་སྨྱན་སྦྱོར་སོགས་ཀྱིས་འགུལ་རྣམ་ཆ་འཕྲིན250ལྷག་སྤེལ། འཁྲབ་ཁྲིད་མཚོན་རྟགས4བཟོས་ནས་བརྗོད་བྱ་གཙོ་བོའི་མཛེས་ལྗོངས་ཆུང་གྲས50ལྷག་བཏོད་དེ་དོམ་ཁྲ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་བྱ་ཡུལ་སྲུང་སྐྱོང་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་སྐྲུན་ཡོད།

སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ། བསྡོམས་པས་སྐོར་སྲུང་ལྟ་ཞིབ་ཚད་ལེན་མི་སྣ་མི་ཐེངས་ཁྲི4.3བཏང་ནས་དོམ་ཁྲ་སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། དོམ་ཁྲ296རྙེད་པ་དང་། སོ་བཏབ་པའི་ཤུལ1024 ། བཤང་གཅི་920བཅས་ཤེས་རྟོགས་བྱུང་བ་དང་། གཙོད་དང་དོམ་ནག ཤྭ་བ་སོགས་ཁོངས་གཅིག་པའི་སྲོག་ཆགས20ལྷག་གི་རྗེས་ཤུལ10760རྙེད་པ་རེད། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་རྔ་བའི་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། དོམ་ཁྲ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་སླར་གསོ་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།