​དཀར་མཛེས་གསེར་ལུང་གྲོང་ཚོ་རུ་ཡུལ་སྐོར་བས་ཁེངས་བ།

3.jpg

པར་འདི་ནི་གསེར་ལུང་གྲོང་ཚོའི་བོད་ཀྱི་སྡོད་ཁང་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསེར་ལུང་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་གྲོང་ཁྱེར་བྱང་ཤར་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུའི་ངོགས་སུ་གནས་ཤིང་། གྲོང་མི་མང་ཆེ་ཤས་བོད་རིགས་ཡིན། གསེར་ལུང་གྲོང་ཚོའི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་རང་བྱུང་ཡུལ་སྐོར་ཐོན་ཁུངས་རིགས་མང་བ། ཡུལ་དེ་རུ《གླིང་གེ་སར་རྒྱལ་པོའི་སྒྲུང》ནང་བཀོད་པའི་རི་རྒྱུད་སྣ་ཚོགས་ཡོད་པ་དང་། རི་མཐོ་དང་གངས་མཉམ་འདྲེས་ཀྱི་ཆུ་བོ་གྲོང་ཚོ་ནས་བརྒྱུད་པ། སྔོ་ཐིང་ཐིང་གི་ནགས་ཚལ་སྟུག་པོ་ཡོད་པ། ནགས་ཁྲོད་དུ་འཚོ་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཡོད་པ་མ་ཟད། ད་དུང་ཉར་ཚགས་ཆ་ཚང་བའི་སྲོལ་རྒྱུན་བོད་ལུགས་སྡོད་ཁང་སོགས་ཡོད་པས། དེ་ནི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་གྲོང་ཚོ་ཞིག་ཡིན།

ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་། གྲོང་གསེབ་དར་སྤེལ་གྱི་དུས་རབས་རྒྱབ་ལྗོངས་འོག གྲོང་ཚོར་གཞུང་ལམ་ཆེན་པོ་སྐྲུན་པ་མ་ཟད། 2018ལོའི་ཟླ8པར་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དཔེ་སྟོན་ས་ཚིགས་སུ་གཏན་འཁེལ་བྱས་ཏེ། བོད་ལུགས་གནའ་བོའི་གྲོང་སྡེ32བསྒྱུར་བཀོད་བྱས་པ་དང་། རླངས་འཁོར་འདུག་ས། མི་བཟོས་མཚེའུ། ཡུལ་མིའི་སྡོད་ཁང་སོགས་གསར་དུ་སྐྲུན་པ་རེད། ལྷག་པར་དུ་བརྗོད་རིན་ཡོད་པ་ཞིག་ནི་ས་གནས་ཀྱིས་སྐྲུན་པའི་ཁྱད་ལྡན་ཕུག་ལམ་དེ་ཡིན་ཞིང་། གནས་དེར་ཡོང་མཁན་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་པས་ད་ལྟ་དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད། ཕུག་ལམ་དེའི་རིང་ཚད་སྨི800ཙམ་དང་། དེ་ནི་གསེར་ལུང་གྲོང་ཚོའི་ལྟེ་བའི་ཁུལ་དུ་སྐྱོད་པའི་འགྲིམ་འགྲུལ་འགྲོ་ལམ་གཙོ་བོ་ཡིན་ལ། ཕུག་ལམ་ནང་བོད་ཀྱི་ཁྱད་ཆོས་ལྡན་པའི་ལྡེབས་རིས་ཡོད་པ་མ་ཟད། རོལ་དབྱངས་དང་བོད་གླུ་ཡང་གཏོང་ཆོག་པས། མི་རྣམས་ལྷ་ཡུལ་ལྟ་བུའི་འཚོ་བའི་བར་གསེང་དུ་འཁྱེར་ཏེ་ཡུལ་སྐོར་བ་ཚོས་གསེར་ལུང་གྲོང་ཚོའི་ལོ་རྒྱུས་རིག་གནས་ཁྲོད་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་ཐུབ།

གསེར་ལུང་གྲོང་ཚོ་ཡིས2019ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ཚོད་ལྟའི་ལས་གཉེར་བྱེད་མགོ་ཚུགས་པ་དང་། ལོ་གཅིག་གི་རྗེས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་1.8ཙམ་ལ་སྣེ་ལེན་ཞུས་པ་དང་། ལས་གཉེར་ཚོད་ལྟའི་ཡོང་འབབ་སྒོར་ཁྲི17.8མངོན་འགྱུར་བྱུང་ནས་ཡུལ་སྐོར་ཡོང་འབབ་དང་པོ་ཐོབ་པ་རེད། 2021ལོར་གསེར་ལུང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི16.8ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི74.3ཟིན་ཞིང་། “དག་པའི་ཞིང་ཁམས”དེ་རིམ་བཞིན་མི་མང་པོས་ཤེས་རྟོགས་བྱུང་།

ས་གནས་དེ་ཡིས་མང་ཚོགས་ལ་ཁང་པ་བོགས་མར་གཏོང་བ་དང་། ས་ཞིང་འཁོར་རྒྱུག་བྱེད་པ། མ་དངུལ་མ་རྐང་འཇོག་པ་སོགས་ཀྱི་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་པ་བརྒྱུད“ཁང་པའི་བོགས་དངུལ+མཉམ་ལས་ཁང་གི་ཁེ་སྤོགས་བགོ་བ+གླ་ཆ་སྤྲོད་པ”བཅས་སྣ་མང་ཅན་གྱི་ཡོང་འབབ་མངོན་འགྱུར་བྱུང་ཞིང་། རྒྱ་ཆེའི་ཞིང་པ་ཚོར་ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་གནས་ཐང་འཕར་བའི་ཁེ་བཟང་ལུགས་མཐུན་ངང་ལོངས་སྤྱོད་བྱེད་དུ་བཅུག བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོ་སླེབས་པའི་ཚུན། གསེར་ལུང་གྲོང་ཚོར་ཡོང་འབབ་སྒོར་ཁྲི82བྱུང་བ་དང་། གྲོང་མི་ཚོས་མཉམ་ལས་ཁང་གི་བྱེད་ཐབས་ལ་བརྟེན་ནས་མ་རྐང་ནང་ཞུགས་ཏེ་ཁེ་སྤོགས་བགོ་བཤའ་རྒྱག་པ་དང་། བསྡོམས་པས་སྒོར་ཁྲི20ཐོབ་པ་དང་ཆ་སྙོམས་མི་རེར་ཡུལ་སྐོར་ལས་རིགས་ནས་ཡོང་འབབ་སྒོར1369.86ཐོབ་པ་རེད། གསེར་ལུང་གྲོང་ཚོར་སྔ་རྗེས་སུ“2017ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ”དང“སི་ཁྲོན་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

གསེར་ལུང་གྲོང་ཚོ“མཛེས་སྡུག་ལྡན་པའི་ཞིང་ཁམས”ཀྱི་མཛེས་ལྗོངས་ཁུལ་དུ་བསྐྲུན་པ་དེས་གྲོང་ཚོ་དེ་གའི་མི་སྣའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་སློབ་ཆེན་སློབ་མ་མི་ཉུང་བ་ཞིག་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་པར་ཡིད་དབང་ཡང་བཀུག་ཡོད།

ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་ཕྱིན་པ་དང་བསྟུན། གསེར་ལུང་གྲོང་ཚོའི་འགྱུར་ལྡོག་སྣ་ཚོགས་ཀྱང་དགའ་འོས་པ་ཞིག་ཡིན་ལ། བཙོག་ཆུ་དང་གད་སྙིགས་གཅིག་སྡུད་ཐོག་གཙང་སེལ་བྱས་ནས། གསང་སྤྱོད་སྐྲུན་པ་དང་། བཤིག་གཏོར་བརྒྱབ་པ། མེ་ཏོག་དང་སྡོང་བོ་བཙུགས་པ་བཅས་ཀྱིས་གྲོང་ཚོའི་རྣམ་པ་སྔར་ལས་ཇེ་མཛེས་སུ་ཕྱིན་ཡོད། གྲོང་ཚོའི་ནང་ད་དུང་གྲོང་ཚོའི་ལོ་རྒྱུས་ཁང་གསར་སྐྲུན་བྱས་ཏེ། དངོས་པོ་དང་པར་རིས་ལ་བརྟེན་ནས་གསེར་ལུང་གྲོང་ཚོའི་འཕེལ་རྒྱས་འཕོ་འགྱུར་གྱི་བརྒྱུད་རིམ་མངོན་པ་དང་། ས་གནས་ཀྱི་རང་བྱུང་དང་དམངས་སྲོལ། རིག་གནས་སོགས་ཀྱི་ཐུན་མོང་མ་ཡིན་པའི་གཞི་རྒྱུ་ཕྱོགས་ཡོངས་ནས་མངོན་པ་དང་།དེ་ཡིས་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་དང་ལོ་རྒྱུས་ཀྱི་དྲན་ཤེས་ཉར་ཚགས་ནུས་ལྡན་བྱས་པ་དང་ཆབས་ཅིག་རིག་གནས་ཐོན་ཁུངས་དེ་ཡུལ་སྐོར་ཐོན་ཁུངས་དང་ཐོན་ལས་ཐོན་ཁུངས་སུ་བསྒྱུར་ནས་གྲོང་གསེབ་ཡུལ་སྐོར་གྱི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།

སྐྱེ་ཁམས་ལྟ་སྐོར་ཡུལ་སྐོར་དང་དམངས་སྲོལ་གོམས་གཤིས་ཡུལ་སྐོར། རི་འཛེག་ཡུལ་སྐོར། གཉེན་ཉེའི་ཡུལ་སྐོར། རིག་གནས་ཉམས་ལེན་ཡུལ་སྐོར། ཁམས་གསོའི་སོས་དལ་ཡུལ་སྐོར་སོགས་ཀྱི་སྣ་མང་ཅན་གྱི་ཡུལ་སྐོར་ཐོན་རྫས་ཀྱིས་གསེར་ལུང་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་རྒྱུན་ཆད་མེད་པར་གྱུར་ཞིང་། ཁོང་ཚོ་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་ནང་བསྡད་དེ་སྦགས་བཙོག་མེད་པའི་མཁའ་རླུང་གཙང་མ་འབྱིན་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐམ་ཤ་དང་རྩམ་པ། མངར་ཇ། རི་སྐྱེས་ཤ་མོ། རི་སྐྱེས་སྔོ་ཚལ་དང་དེ་བཞིན་ས་གནས་ཀྱི་རི་མཐོའི་སྲེའུ་དང་ཁམ་བུ། ཀུ་ཤུ། སྟར་ཁ་སོགས་ཀྱི་བྲོ་བ་མྱོང་ཞིང་། དགོང་མོ་སྐོར་བྲོ་འཁྲབ་པ། ཁོམ་དུས་སུ་ད་དུང་གྲོང་ཚོའི་ཁྱད་ལྡན་བྱ་འགུལ་ནང་ཞུགས་ནས་ཕྱུགས་འཚོ་བ་དང་། རྟ་ཞོན་པ། སྨྱུག་ཟས་བཟོ་བ། འཁལ་འཐག་པ་སོགས་ཀྱི་གྲོང་ཚོའི་འཚོ་བ་རོལ་མྱོང་བྱས་ཆོག་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།