དཀར་མཛེས་ཁུལ་ལི་ཐང་རྫོང་གིས་ཐད་གཏོང་ལ་བརྟེན་ནས་ཞིང་ལས་ཐོན་རྫས་བཙོངས།

1.png

པར་འདི་ནི་ཐད་གཏོང་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། དཀར་མཛེས་ཁུལ་ལི་ཐང་རྫོང་གིས་ལ་ཕུག་རྟེན་གཞི་རུ་ཐད་གཏོང་བྱ་འགུལ་སྤེལ་བ་དེ་ལ་མི་མང་པོའི་དགའ་བསུ་ཐོབ་པ་མ་ཟད། རྒྱལ་ཡོངས་ས་གནས་སོ་སོའི་དྲ་གྲོགས་རྣམས་ཀྱིས་མཐོ་སྒང་གི་སྔོ་ཚལ་དང་སིལ་ཏོག་རིགས་ཉོ་ཐུབ་པ་བྱུང་།

ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་གིས་ས་ཞིང་ལ་སྦགས་བཙོག་བཟོས་མེད་པ་དང་། མཐོ་སྒང་གི་ཉི་མ་ཕོག་ཡུན་རིང་བས་སྔོ་ཚལ་དང་སིལ་ཏོག་རིགས་སྐྱེས་ཚུལ་ལེགས་པ་དང་། རླན་ཚད་འདང་བའི་ཕན་ཡོད་ཆ་རྐྱེན་འོག ཤུགས་ཆེན་པོས་ཚོ་གསུམ་དེང་རབས་ཞིང་ལས་གླིང་དུ“མགོ་སྒང་གི་སིལ་ཏོག་དང་སྔོ་ཚལ”གྱི་ཟུང་རྟགས་སྐྲུན་པ་མ་ཟད། ལ་ཕུག་དཀར་པོ་དང་ཀྲོ་མ་ཀྲུ། ཤ་མོ། ཆུ་ཀུབ་སོགས་ཀྱི་སྔོ་ཚལ་རིགས་བཅུ་ཙམ་འདེབས་འཛུགས་བྱས།

 ཟླ8པའི་ཚེས28ཉིན་གྱི་དུས་ཚོད16:00—23:00བར་དུ་ལི་ཐང་རྫོང་གིས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཞིན་ལང་སྡེ་ཚོགས། གྲོང་གསེབ་དར་སྤེལ་མཉམ་ལས་གཞུང་ལས་ཁང་། ལི་ཐང་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུའུ། གུང་གཞོན་ཚོགས་པའི་ལི་ཐང་རྫོང་ཨུ་སོགས་ཀྱི་སྡེ་ཁག་དང་ལས་ཁུངས་མཉམ་འབྲེལ་བྱས་པའི་ཐད་གཏོང་རུ་ཁག་བཙུགས་ནས། རྒྱལ་ཡོངས་ས་གནས་སོ་སོའི་དྲ་གྲོགས་རྣམས་ལ《གྲོང་གསེབ་དར་སྤེལ་དང་གློག་རྡུལ་ཚོང་དོན་ལ་བརྟེན་ནས་ཞིང་པར་རོགས་རམ་བྱེད་པ། ——བསྟན་འཛིན་གྱི་ཕ་ཡུལ་གྱི་ལ་ཕུག་ལ་ལོ་ལེགས་བྱུང་བ》ཞེས་པའི་ཐད་གཏོང་བྱ་འགུལ་སྤེལ་མགོ་ཚུགས།

བྱ་འགུལ་ཁྲོད་དྲ་ཐོག་དང་ཡུལ་དངོས་ཀྱི་ཕན་ཚུན་འབྲེལ་འདྲིས་དང་དྲ་གྲགས་གི་སྣེ་ཁྲིད་འོག་ལི་ཐང་རྫོང་གི་མཐོ་སྒང་ལ་ཕུག་ཚང་མ་བཙོངས་ཚར་བ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ལི་ཐང་རྫོང་གིས་ཐད་གཏོང་བརྒྱུད་ནས་མཐོ་སྒང་གི་ལ་ཕུག་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་ཐོག་མ་སྤེལ་བ་ཡིན་ལ། དུས་ཚོད7རིང་གི་ཐད་གཏོང་གོ་རིམ་ཁྲོད་དྲ་ཐོག་ནས་ལྟ་བའི་དྲ་གྲོགས་མི་ཁྲི189.9ཙམ་ལ་སླེབས་པ་དང་། དཔྱད་གཏམ་ཁྲི14.3སླེབས་པ། མི་ཐེངས་ཁྲི49.1གི་བསྟོད་པ་ཐོབ་པ། ཕྱིར་ཚོང་གྲངས་ཀ4000སླེབས་པ་དང་བསྡོམས་པས་ལ་ཕུག་རྒྱ་མ་ཁྲི2ལྷག་ཕྱིར་ཚོང་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།