རྔ་བ་ཁུལ་ཏང་ཨུའི་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》་ལ་མཉམ་དུ་སློབ་སྦྱོང་བྱས།

        ལིའུ་ཕིང་གིས་གཙོ་འགན་བཞེས་ཤིང་། ལུའོ་ཀྲེན་ཧྭ། ལི་ཝེ་གོ། ཉི་མ་འབུམ། ཝུའུ་ལི་ཡན། གོ་ཅ་ཅུན་བཅས་སློབ་སྦྱོང་དུ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན་གྱི་སྔ་དྲོར། ཁུལ་ཨུའི་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》་ལ་མཉམ་དུ་སློབ་སྦྱོང་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་མ་ཟད་གཏམ་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་བདེ་འཇགས་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དང་། ཀྲུང་དབྱང་དང་།ཞིང་ཨུའི་གྲོས་ཆོད་བཀོད་སྒྲིག་དང་། ཁུལ་ཨུའི་ལས་དོན་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཟས་རིགས་བདེ་འཇགས་ལས་དོན་ལེགས་པར་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱ་དགོས།
      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ལུའོ་ཀྲེན་ཧྭ། ཁུལ་དམས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན། གོ་ཅ་ཅུན་སོགས་སློབ་སྦྱོང་དུ་ཞུགས།
      ལིའུ་ཕིང་གིས་གཏམ་བཤད་སྐབས་སུ་བསྟན་དོན། ཆབ་སྲིད་ཀྱི་གནས་ཚད་མཐོར་འདེགས་བཏང་ནས་ཏང་སྲིད་ལས་འགན་གཅིག་དོན་འཁྱོལ་ཡོང་དགོས། དཔར་ཐེངས་གསར་བའི་སྲོལ་ཡིག་ཏུ་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་རྩ་དོན་སྒྲིག་སྲོལ་ཞིབ་ཚགས་སུ་བཏང་ཡོད་ལ། ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཀྱི་ཉེས་ཆད་ནན་མོ་བཟོས་ཤིང་། དམིགས་བསལ་གནད་དོན་གྱི་ལྟ་ཞིབ་ཐབས་ལམ་དོན་ལྡན་དུ་བཏང་བ། ཉེན་ཁའི་དོ་དམ་ལམ་ལུགས་ཇེ་ལེགས་སུ་བཏང་ཡོད། རྫོང་དང་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་། ཁུལ་རྫོང་གི་ཟས་རིགས་བདེ་འཇགས་ལྟ་ཞིབ་དང་། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་སྲོལ་ཡིག་བསྐྱར་སྐྲུན་གྱི་དོན་སྙིང་གལ་ཆེན་ངོས་ཟིན་པར་བྱས་ཏེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟས་རིགས་བདེ་འཇགས་ལས་དོན་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་ཏང་སྲིད་ལས་འགན་གཅིག་གི་སྒྲིག་སྲོལ་དོན་འཁྱོལ་ཡོང་བ་བྱས་ནས། ནན་ཤོས་བཞི་ཡི་བླང་བྱ་ལག་བསྟན་ནན་མོ་བྱས་ཤིང་། ཟས་རིགས་བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་ནན་གྱིས་བསྲུངས་ཏེ། མི་དམངས་མང་ཚོགས་ཀྱི་ཟས་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས།
        ལིའུ་ཕིང་གིས་བསྟན་དོན། གཙོ་གནད་དུས་རིམ་གཞིར་བཟུང་ནས། ཕྱོགས་ཡོངས་ནས་སྤུས་ཚད་ལྟ་ཞིབ་ལ་ཤུགས་བསྣན་ཏེ། ནན་ཤོས་བཞི་ཡི་བླང་བྱ་ལག་བསྟར་ནན་མོ་བྱ་དགོས་ལ། ཐོན་སྐྱེད་དང་འཁོར་རྒྱུག འཛད་སྤྱོད་སོགས་ཀྱི་རིམ་པ་སོ་སོར་ལྟ་ཞིབ་ནན་མོ་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་གོ་རིམ་ཧྲིལ་བོའི་ལྟ་ཞིབ་དོ་དམ་མ་ལག་བསྐྲུན་དགོས། ཏོག་གསར་རིམས་ནད་འགོག་སྲུང་གི་སྤྱིའི་ལས་འགན་དང་ཟུང་དུ་སྦྲེལ་ཏེ། ནང་འདྲེན་གྲང་ཕྲེང་ཟས་རིགས་ཀྱི་བདེ་འཇགས་དམ་པོར་བཟུང་ནས། ནང་འདྲེན་གྲང་ཕྲེང་ཟས་རིགས་ཀྱི་ཆེད་དོན་བཅོས་སྐྱོང་གི་བྱེད་སྒོ་སྤེལ་ཏེ། ཐབས་བརྒྱ་ཇུས་སྟོང་གིས་རིམས་འགོག་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དག་ཞིང་རྔ་བ་ནན་གྱིས་སྲུང་དགོས།
       ལིའུ་ཕིང་གིས་བསྟན་དོན། མང་ཚོགས་ལ་ཟས་རིགས་བདེ་འཇགས་ཀྱི་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་འདུ་ཤེས་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཇེ་མཐོར་བཏང་ནས། རྒྱ་ཆེའི་མང་ཚོགས་ལ་ཟས་རིགས་བདེ་འཇགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་སྣང་ཚུལ་ཞུ་གཏུག་བྱ་བར་རྟིང་སྐུལ་བྱས་ཏེ། ཟས་རིགས་བདེ་འཇགས་ལ་ཀུན་གྱིས་དོ་སྣང་དང་། གཙིགས་མཐོང་། མཉམ་ཞུགས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས། ཟས་རིགས་སྨན་རིགས་ཀྱི་བདེ་འཇགས་དོན་རྐྱེན་བྱུང་ནས་མཇུག་འབྲས་ངན་པ་དང་ཤུགས་རྐྱེན་ངན་པ་བཟོས་པར། ཁྲིམས་ལྟར་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་དང་འབྲེལ་ཡོད་འགན་འཁུར་བའི་འགན་འཁུར་བདའ་འདེད་བྱ་དགོས། ལས་དོན་མ་འཁྱོངས་བ་དང་། ལྟ་ཞིབ་འཐུས་ཤོར། སྒེར་གཉེར་ཁྲིམས་འགལ་གྱི་སྡེ་ཁག་དང་ཐད་ཀའི་འགན་འཁུར་བར་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས།
      ཁུལ་ཨུའི་ལྟེ་བའི་ཚན་ཆུང་གི་ཁོངས་མི་རྣམས་སློབ་སྦྱོང་དུ་ཞུགས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།