དར་རྩེ་མདོའི་སྤྱི་བདེ་ཡིས་གློག་འཕྲིན་བརྒྱུད་ནས་གཡོ་ལེན་ཉེས་གསོག་བྱས་པའི་མི23འཛིན་བཟུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དར་རྩེ་མདོའི་ཉེན་རྟོག་ཕྱོགས་ཀྱི་མི་དམངས་ཉེན་རྟོག་པ20ལྷག་གིས་ཟླ་ངོ་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས། སྔ་གཞུག་ཏུ་ཀོང་ཏུང་དང་ཧུའུ་ནན། ཧུའུ་པེ། ཀུའེ་ཀྲོའུ། ཀོང་ཞིས། ཡུན་ནན། ཕུའུ་ཅན། ཀྲེ་ཅང་། ཧེ་ལུང་ཅང་། ཧོ་པེ། ཧྲན་ཏུང་། ཧྲན་ཞི་བཅས་ཞིང་ཆེན12ལ་བསྐྱོད་ནས། ལམ་ཐག་སྤྱི་ལེ་ཉིས་ཁྲི་ལྷག་ཙམ་བརྒལ་མཐར། གློག་འཕྲིན་དྲ་རྒྱའི་གཡོ་ལེན་གྱོད་གཞི་ཆེ་གྲས་གཉིས་གྲུབ་འབྲས་ལྡན་པའི་ངང་རྩད་ཆོད། གློག་འཕྲིན་དྲ་རྒྱའི་གཡོ་ལེན་ཉེས་གསོག་རྒྱབ་ཀྱི་གཡོ་ལེན་དངུལ་བསྒྱུར་བཀོད་གཏོང་བའི་ཉེས་གསོག་ཚོགས་པ་མེད་པར་བཟོས་བ་དང་། གཡོ་ལེན་བྱེད་པའི་དོགས་གཞི་ཡོད་པ་དང“རོགས་རམ”བྱེད་པའི་ཉེས་གསོག(ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་རོགས་རམ་བྱེད་པའི་ཉེས་པ)བཅས་དང་འབྲེལ་བའི་ཁྱོན་དོགས་ཡོད་ཉེས་ཅན23འཛིན་བཟུང་བྱས་པ་མ་ཟད། མིག་སྔར་མི16འཛིན་བཟུང་བྱས་པ་དང་གྱོད་གཞི་དང་འབྲེལ་བའི་མ་དངུལ་སྒོར་ཁྲི28དང་། གྱོད་གཞི་དང་འབྲེལ་བའི་གསེར་གྱི་རྒྱན་ཆ་ཁེ་300ལྷག་ཙམ། དངུལ་བྱང132། ལག་ཁྱེར་ཁ་པར36། བརྡ་གཏོང་འཕྲུལ་ཆས3། POSའཕྲུལ་ཆས9། གློག་རྡུལ་གསང་ཨང་འཕྲུལ་ཆས14། ལག་ཁྱེར་གློག་ཀླད1བཅས་བཀག་ཉར་བྱས་ཡོད།

ཟླ5པའི་ཚེས18ཉིན། དར་རྩེ་མདོ་གྲོང་ཁྱེར་དུ་གློག་འཕྲིན་དང་དྲ་རྒྱའི་གཡོ་ལེན་གྱོད་གཞི་ཞིག་བྱུང་ཞིང་། གནོད་འཚེ་ཕོག་མཁན་ལུའོ་ཆེ་གེ་མོས་ཆ་རྒྱུས་མེད་པའི་ཁ་པར་ཨང་གྲངས་ཤིག་བརྒྱུད་ནས་ཕ་རོལ་པ་སྐད་འཕྲིན་གྱི་གྲོགས་པོར་བསྒྱུར་བའི་རྗེས། ཕ་རོལ་པས་བསྐུར་ཡོང་བའི་རྩ་གཉིས་ཨང་བཤེར་ལས“ཧའེ་ཨར་གྱི”APPཞིག་ཕབ་ལེན་བྱས་ཏེ། APPསྟེགས་བུ་དེའི་ནང“འདར་དབྱངས་དབྱེ་འབྱེད་རོལ་རྩེད་བྱས་ཏེ་ཁེ་སྤོགས་ལེན་པའི”ལས་སུ་ཞུགས་མཐར་སྒོར་ཁྲི118.6གཡོ་ལེན་བྱས། ཟླ6པའི་ཚེས25ཉིན། དར་མདོ་གྲོང་ཁྱེར་དུ་གློག་འཕྲིན་དྲ་རྒྱའི་གཡོ་ལེན་བྱས་པའི་གྱོད་གཞི་ཞིག་བྱུང་ཞིང་། གནོད་འཚེ་ཕོག་མཁན་ལིའུ་ཆེ་གེ་མོས་ཆ་རྒྱུས་མེད་པའི་མི་སྣ་ཞིག་སྐད་འཕྲིན་གྱི་གྲོགས་པོ་རུ་བསྒྱུར་རྗེས། ལིའུ་ཆེ་གེ་མོ་ལ་དྲ་ཚིགས་ཤིག་འདོན་སྤྲོད་བྱས་པ་དང་། ལིའུ་ཆེ་གེ་མོས་དེའི་ཨང་གྲངས་ཐོ་འགོད་བྱས་རྗེས། དྲ་ཚིགའ་དེའི་ནང་རྟོག་བཟོའི་རྒྱས་སྤྲོས་ཚོང་ཟོག་ཉོས་ནས་ཁེ་བཟང་རག་པའི་ལས་སུ་ཞུགས་མཐར། སྔ་གཞུག་ཏུ་སྒོར་ཁྲི79.1གཡོ་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།