རྔ་བ་ཁུལ་པྲོག་གསར་གློ་ཚད་འཕྲལ་བསྟུན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས23པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། རྔ་བ་ཁུལ་པྲོག་གསར་གློ་ཚད་འཕྲལ་བསྟུན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས23པ་འབར་ཁམས་གྲོང་ཁྱེར་དུ་འཚོགས་ཏེ། ཉེ་ཆར་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་གི་ལས་དོན་བརྒྱུད་སྒྲོག་དང་རྗེས་ཕྱོགས་ཀྱི་ལས་དོན་བཀོད་སྒྲིག་བྱས།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན། ཁུལ་པྲོག་གསར་གློ་ཚད་འཕྲུལ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ལུའོ་ཀྲེན་ཧྭ་ཡིས་གསུང་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་དང་བཀོད་འདོམས་དཔོན་གཞོན་པ་འཇམ་དཔལ་དང་། ཏིང་མིང་ཀྲུང་། ཝང་ཧྲུའུ་མིང་། ཞུས་ཀུའེ་ཆང་། ཡི་དམ་མཚོ། ཧྥེང་ཡུས་བཅས་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། བཀོད་འདོམས་པ་གཞོན་པ་ཡུས་ཀོང་ཡ་ཚོགས་འདུར་ཞུགས།

ལུའོ་ཀྲེན་ཧྭ་ཡིས་བསྟན་དོན། ཏེར་ཐ་རིམས་ནད་འགོས་པའི་ནད་པ་གསར་པ་ཤེས་རྟོགས་བྱུང་བ་ནས་བཟུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲིན་ཀྲང་ཧོང་ཆང་གིས་བསྟུད་མར་བཀོད་གཏོང་ཐེངས་མང་བྱས་པ་དང་། ལྷག་པར་དུ་ཟླ8པའི་ཚེས2ཉིན་གྱི་བཀོད་གཏོང་གྲོས་ཚོགས་སྟེང་སླར་ཡང་རིམས་ནད་ལ་ཁ་གཏད་དེ་བསམ་བློའི་ཐོག་ནས་དོགས་ཟོན་དང་། བྱ་སྤྱོད་དང་ལས་ཀའི་ཐད་ནས་གྲ་སྒྲིག་བྱེད་དགོས་པ་ནན་གྱིས་བསྟན་ཡོད། མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་། ཞིང་ཆེན་ནང་ཁུལ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་ལ། རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་སྔར་བཞིན་ཆེ་བས། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་ངོས་འཛིན་ཡག་པོ་མེད་པ་དང་། མཐོང་ཆེན་བྱས་པ་མི་འདང་བ། སྲིད་ཇུས་ཁག་དོན་འཁྱོལ་ཐུབ་མེད་པ། བྱ་ཐབས་བཀོད་སྒྲིག་དོ་སྙོམ་མེད་པ། ཧེ་བག་ཡོད་པ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གནད་ལ་མི་འཁེལ་བ། བརྒྱུད་རིམ་ལུགས་དང་མི་མཐུན་པ། ལག་བསྟར་ནན་མོ་མེད་པ་བཅས་ཀྱི་གནས་ཚུལ་སྔར་བཞིན་གནས་ཡོད་པར་བརྗོད།

ལུའོ་ཀྲེན་ཧྭ་ཡིས་བསྟན་དོན། སྔོན་འགོག་ཚོད་འཛིན་ལ་ཕྱོགས་ཡོངས་ནས་གྲ་སྒྲིག་ཡག་པོ་བྱས་ཏེ། རིམས་ནད་ཀྱི་ཉེན་ཁར་ཁ་གཏད་དེ་དུས་ཡུན་རིང་བའི་གྲ་སྒྲིག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། གཏན་འཁེལ་རང་བཞིན་བཅས་ལ་ངོས་འཛིན་ཡང་དག་བྱས་ཏེ་བསམ་བློ་དང་། ལམ་སྲོལ། དངོས་ཟོག་སོགས་ཀྱི་ཐད་ནས་ཡུན་རིང་དང་ཕྱོགས་ཡོངས་ནས་གྲ་སྒྲིག་ཡག་པོ་བྱེད་དགོས། ཞིང་ཆེན་རིམ་པའི་སྡེ་ཁག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་བྱུང་ཚུལ་གྱི་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་བྱེད་ཐབས་ལེགས་སྒྲིག་སྒོས་གནད་འཁེལ་སྔོན་འགོག་ཚོད་འཛིན་དང་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་ཐུབ་པར་བྱེད་དགོས་པར་བརྗོད།

གྲོས་ཚོགས་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། འབར་ཁམས་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། རྫོང(གྲོང་ཁྱེར)དང་ཝོ་ལུང་དམིགས་བསལ་སྲིད་འཛིན་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ཡོད། ཁུལ་པྲོག་གསར་གློ་ཚད་རིམས་ནད་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་ཁོངས་མིའི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།