བྲག་མགོ་རྫོང་གིས་དགའ་སྤྲོའི་ངང་འོང་སྐོར་དུས་སྟོན་བསུས།

ལོ་རྒྱུས་དེབ་ཐེར་ཁག་ནང་བཀོད་པར་ལྟར་ན། “འོང་སྐོར” ཞེས་པ་འདི་བོད་རྒྱལ་སྤུ་དེ་གོང་རྒྱལ་གྱི་སྐུ་དུས་སུ་དར་ཞིང་། སྐབས་དེའི་དུས་ཡར་ཀླུང་ས་ཁུལ་དུ་ཞིང་ཁ་འདེབས་པ་དང་ཞིང་ཆུ་འདྲེན་པ་སོགས་ཞིང་ལས་ལག་རྩལ་གོང་འཕེལ་གཏོང་སྐབས་བོན་པོ་བས་ཞིང་ཁར་བསྐོར་བ་བརྒྱབ་ནས་ལོ་ལེགས་ཡོང་བར་གསོལ་བ་འདེབས་པའི་ཆོ་ག་སྤེལ་བ་དང་། ཕྱིས་སུ་རིམ་བཞིན་ནང་དོན་ཕུན་སུམ་ཚོགས་ཤིང་དམངས་ཁྲོད་དུ་དར་ཁྱབ་བྱུང་བའི་གསོལ་འདེབས་དང་རིག་རྩལ་ལྟད་མོ་གཉིས་ལྡན་གྱི་དུས་ཆེན་ཞིག་ཏུ་གྱུར་པ་རེད། བཤད་སྲོལ་ལྟར་ན་འོང་ནི་འོང་ཁ་སྟེ་སྟོན་ཐོག་དང་ལྡན་པའི་ཞིང་ཁ་ལ་ཟེར་བ་དང་། སྐོར་ནི་ཞིང་ཁ་ལ་སྐོར་བ་རྒྱག་པའི་དོན་ཡིན་པ་རེད།

བྲག་མགོའི་ཞིང་སྡེ་མང་ཚོགས་ཀྱིས་ལོ་གཅིག་ཐེངས་གཅིག་གི་འབྲུ་རིགས་སྣ་ལྔར་ལོ་ལེགས་བྱུང་བར་བཀྲ་ཤིས་སྨོན་འདུན་ཞུ་བའི་འོང་སྐོར་དུས་སྟོན་བསུ་བཞིན་ཡོད། འོང་སྐོར་དུས་སྟོན་ནི་བོད་ཀྱི་ཞིང་སྡེའི་ས་ཁུལ་དུ་དུས་ཆེན་གྲས་རྒྱས་ཤོས་ཤིག་ཡིན་ལ། དེར་ལོ་ལེགས་དུས་ཆེན་ཡང་ཟེར། འོང་སྐོར་ནི་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱི་ཆེས་གནའ་བོའི་དམངས་ཁྲོད་སྲོལ་རྒྱུན་དུས་སྟོན་གྱི་གྲས་ཤིག་རེད། ཤེས་རྟོགས་བྱུང་བ་ལྟར་ན། བོད་བཙན་པོའི་དུས་སུ་མི་རྣམས་ཀྱིས་འབྲུ་རིགས་སྣ་ལྔར་ལོ་ལེགས་བྱུང་བར་སྨོན་ལམ་འདེབས་བཞིན་ཡོད་པས་གྲོང་སྡེའི་མི་ཚོས་ལག་ཏུ་བདུག་སྤོས་བཟུང་བ་དང་། ཆོས་དར་མཐོན་པོར་སྒྲེང་བ། ལག་ཏུ་ལོ་ཏོག་བཟུང་བ། བོན་ཆོས་ཀྱི་བདག་པོའི་རྗེས་སུ་འབྲངས་ཏེ་ཞིང་ཁ་བསྐོར་ནས་ལོ་ལེགས་བྱུང་བའི་སྨོན་ལམ་བཏབ་པ་རེད། མཛད་སྒོ་མཇུག་འགྲིལ་རྗེས་གྲི་མདུང་། སོ་རྩེད་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡོད། དགེ་ལུགས་པའི་གྲུབ་མཐའ་སྲོལ་བཏོད་རྗེས་བྱེད་སྒོ་དེ་སྔར་བཞིན་སོར་འཇོག་བྱས་ཡོད་ལ་དེའི་སྐབས་སུ་མི་རྣམས་ཀྱིས་ཆོས་པོ་ཏི་སྒལ་པར་འཁུར་བ་དང་། མདའ་དང་སྐུ་འདྲ་ལག་ཏུ་བསྣམས་ཤིང་། གཟབ་མཆོར་གྱིས་ལེགས་པར་བརྒྱན་པ། རིག་རྩལ་བྱེད་སྒོའི་ཁྲོད་དུའང་རྟ་རྒྱུག་དང་། མདའ་འཕེན། རྟ་རྩལ། ལྷ་མོ་ཟློས་གར། དམངས་ཁྲོད་ཞབས་བྲོ་སོགས་ཀྱི་ནང་དོན་བསྣན་ཡོད། བཅིངས་འགྲོལ་བཏང་རྗེས་ཆོས་ལུགས་ཀྱི་ཆོ་ག་ཉུང་ངུར་བཏང་བ་དང་སྤྲོ་གསེང་རོལ་རྩེད་དང་དངོས་པོ་སྤེལ་རེས་ཀྱི་ནང་དོན་མང་དུ་བཏང་ཡོད། འོང་སྐོར་དུས་སྟོན་ལ་དུས་ཚོད་གཅིག་གྱུར་གྱི་གཏན་འཁེལ་མེད་ཅིང་། དེ་ནི་ཡུལ་ལུང་སོ་སོའི་ས་བབ་གནམ་གཤིས་ཀྱི་གནས་ཚུལ་དང་ལོ་ཏོག་སྨིན་སྔ་ཕྱིའི་གནས་ཚུལ་ལ་གཞིགས་ཏེ་གཏོང་བ་སྟེ། སྤྱིར་བཏང་སྤྱི་ཟླ8པའི་སྟོན་ཐོག་མ་བསྡུ་བའི་སྔོན་ལ་བཀྲ་ཤིས་སྐར་མ་བཟང་པོའི་ཉིན་མོ་བདམས་ནས་བྱེད་སྒོ་འདི་སྤེལ་ཞིང་། བྱེད་སྒོ་སྤེལ་བའི་དུས་ཚོད་ནི་ཉིན་གཅིག་ནས་ཉིན3བར་ཡིན་པ་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།