ཕེང་ཆིང་ཧྭ་ཡིས་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཁྲེང་ཏུའུ་རུ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་སྟེ། ཁོང་སི་ཁྲོན་དུ་ལྟ་སྐོར་དང་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས།

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁི་ཙོན་ཕིང་མཉམ་དུ་མཇལ་འཕྲད་དུ་ཞུགས། མཇལ་འཕྲད་གནང་བའི་སྐབས། ཕེང་ཆིང་ཧྭ་ཡིས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། པཎ་ཆེན་མཆོག་གིས་དུས་ཡུན་རིང་པོའི་ནང་སི་ཁྲོན་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། ལྷག་དོན་དུ་མི་རིགས་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་སི་ཁྲོན་ནི་མི་རིགས་ཆོས་ལུགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པ་དང་། དེའི་ཕྲག་ཐོག་ཏུ་བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་གི་ཡུན་སྐྱོང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་ཁུར་ཡོད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུས་བོད་འབྲེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་ནས། བོད་འབྲེལ་ཁུལ་དང་རྫོང་གི་བྱ་གཞག་ཁག་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ལ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་པ་མ་ཟད། བོད་རིགས་སྤུན་ཟླ་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་བློ་སྟོབས་ཆེན་པོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་བསྐྲུན་པའི་རྒྱང་སྐྱོད་བགྲོད་ལམ་གསར་པའི་སྟེང་བསྐྱོད་ཡོད། པཎ་ཆེན་མཆོག་གིས་སྔར་བཞིན་སི་ཁྲོན་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྣེ་ཁྲིད་དེ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་ལ་སྔར་བས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཏེ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་འཛུགས་པར་ཁྲིད་སྟོན་སྔར་བས་ཡག་པོ་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་པའི་རེ་བ་ཡོད་ཅེས་གསུངས། 

པཎ་ཆེན་མཆོག་གིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྲོ་སེམས་འཁོལ་བའི་སྣེ་ལེན་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་དེའི་སྟེང་ནས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་སྒོས་མངོན་ཡོད། སི་ཁྲོན་གྱི་བོད་འབྲེལ་ཁུལ་དང་རྫོང་གིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྣམ་པ་གསར་པ་མངོན་པ་དེར་མི་རྣམས་དགའ་ཚོར་ཆེན་པོ་བྱུང་ཡོད་པར་གསུངས་པ་མ་ཟད། པཎ་ཆེན་མཆོག་གིས་ངེས་པར་དུ་མཐའ་གཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སློབ་སྦྱོང་འབད་བརྩོན། དད་ལྡན་མང་ཚོགས་ལ་ཞབས་ཞུ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱེད་དགོས་ཞེས་གསུངས།

སི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད་ཧྥན་རུའེ་ཕིང་དང་ཐེན་ཞིང་ལི། དེ་མིན་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།