《གླིང་གེ་སར་རྒྱལ་པོའི་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་ལས་གཞི་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན། “གནའ་གཞུང་དཔེ་སྐྲུན་ལས་གཞི《བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆ་ཀུན་བཏུས》དང《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་ལས་གཞི་མགོ་རྩོམ་པའི་མཛད་སྒོ”ཁྲེང་ཏུའུ་རུ་འཚོགས། དེའི་ཁྲོད་ཀྱི《གླིང་གེ་སར་རྒྱལ་པོའི་སྒྲུང》ལ་ད་ལྟའི་བར་དུ་དཔེ་དེབ་རིགས300ལྷག་ཡོད་པ་དང་། དེའི་ཁྲོད་ནས་རྩེར་སོན་པ་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་བརྩམས་ཆོས་100བདམས་ཏེ། བོད་ཡིག་དང་རྒྱ་ཡིག་གི་ཡིག་སྒྱུར་ཆེད་མཁས་པ་དང་དེ་བཞིན་རྩོམ་པ་པོ་རྩ་འཛུགས་ཀྱིས་ཐུན་མོང་སྒོས་རྒྱ་ཡིག་གི་བརྩམས་ཆོས་སུ་བསྒྱུར་ནས་དཔེ་སྐྲུན་བྱ་རྒྱུ་རེད།

རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་གྱི་ཡ་གྱལ《གླིང་སྒྲུང》ནི་བོད་རིགས་མང་ཚོགས་ཀྱི་དམངས་སྲོལ་གོམས་གཤིས་དང་། ཐོན་སྐྱེད་འཚོ་བ། སྐྱེ་ཁམས་མ་ལག སྤྱི་ཚོགས་ཀྱི་སྣང་ཚུལ། ཆབ་སྲིད། དཔལ་འབྱོར། དམག་དོན། མི་ཆོས་ཀུན་སྤྱོད། ཆོས་ལུགས་དད་མོས། མཚན་ཉིད་རིག་པ་སོགས་བསམ་བློའི་རིག་གནས་ཀྱི་ཤེས་བྱ་ཀུན་འདུས་ཀྱི་དཔེ་དེབ་ཅིག་དང་། བོད་རིགས་མང་ཚོགས་ཀྱིས་འཛམ་གླིང་ལ་ངོས་འཛིན་དང་སྒྱུར་བཀོད་བྱེད་པའི་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་རེད། རྒྱལ་ཡོངས《གེ་སར》བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ཐེངས་འདིའི་རྒྱ་ཡིག་ཡིག་སྒྱུར་ལས་གཞིའི་རྩོམ་སྒྲིག་པ་གཙོ་བོ་ནོར་བུ་དབང་ལྡན་གྱིས་ལོ་རྒྱུས་སྙན་ངག་རིམ་སྒྱུར་གྱི་ཟུར་ཚད་ཐོག་ནས་རྒྱ་ཡིག་ལ་སྒྱུར་བའི་ལས་གཞི་ཀློག་འགྲེལ་བྱས་པ་མ་ཟད། ཁོས་བཤད་རྒྱུར“མིག་སྔར་མ་ཡིག་ཀློག་མཁན་མ་གཏོགས་ཕྱི་ཕྱོགས་ཀྱིས་གླིང་སྒྲུང་གི་ལོ་རྒྱུས་སྙན་ངག་ལ་གོ་བ་དང་ངོས་འཛིན་བྱེད་སྟངས་དེ་སྔར་བཞིན་ངོ་སྤྲོད་བརྩམས་ཆོས་ཉུང་ཙམ་ཞིག་ཏུ་ལུས་ཡོད་ལ། ངག་ཐོག་ངམ་ཡིག་ཐོག་གང་ཡིན་རུང་དཔེ་དེབ་མང་ཆེ་བ་སྔར་བཞིན་མི་རིགས་སྐད་ཡིག་གི་ལམ་ནས་རྒྱུན་འཛིན་བྱེད་ཀྱིན་ཡོད”པར་བརྗོད།

《གླིང་གེ་སར་རྒྱལ་པོའི་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་ལས་གཞི་ནི“མངོན་སུམ་རང་བཞིན”གྱི་རྩ་དོན་དང་པོར་བརྩི་བའི་རྨང་གཞིའི་ཐོག “རྩོམ་རིག་རང་བཞིན”དང“སྒྲ་སྒྱུར”གྱི་རྩ་དོན་ཞོར་ཏུ་བེད་སྤྱད་ནས་རྒྱ་ཡིག་ཏུ་བསྒྱུར་ནས། མི་རིགས་ཀྱི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། རིག་གནས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལ་འགན་ལེན་བྱེད་གང་ཐུབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།