མཛོད་དགེ་རྩྭ་ཐང་དུ་གནམ་ས་གཅིག་ཏུ་འདྲེས་ནས་བྱ་བྱེའུ་ཅི་དགར་རྩེན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་དབྱར་གཞུང་དུ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྩྭ་ཐང་གི་བརླན་སར་ནམ་ཟླ་དྭངས་ཞིང་བསིལ་ལ། ཡུལ་ལྗོངས་ཡིད་དུ་འོང་ཞིང་སྐྱེ་སྟོབས་ཀྱིས་རབ་ཏུ་རྒྱས་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་བརྒྱ་ལྷག་གིས་གནས་འདིར་ཅི་དགར་རྩེན་ནས་ཟས་འཚོལ་བཞིན་ཡོད།

སི་ཁྲོན་ཞིང་ཆེན་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་བྱེད་མི་སྣ་བསོད་ནམས་རྡོ་རྗེས་མཚམས་སྦྱོར་བྱེད་རྒྱུར། ཉེ་ལམ་ཁོ་ཚོས་བརླན་སའི་ཁྲོད་ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་མང་པོ་ཞིག་ལྟ་དཔྱད་ཚད་འཇལ་ཐུབ་ཡོད། ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་མཐོ་སྒང་དུ་འཚོ་སྡོད་དང་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་རིགས་གཅིག་པུ་ཡིན་ཞིང་། སྔོན་ནས་རྩྭ་ཐང་གི་རྣམ་ཤེས་ཞེས་པའི་མཚན་སྙན་ཡོད། བསོད་ནམས་རྡོ་རྗེས་བཤད་རྒྱུར། ཁྲུང་ཁྲུང་སྐེ་ནག་ལ་ཁོར་ཡུག་གི་བླང་བྱ་མཐོན་པོ་ཡོད་པ་དང་། ཁ་དབུགས་གཙང་ཞིང་དྭངས་ལ། ཆུ་སྤུས་ལེགས་པ། ནམ་ཟླའི་དྲོད་གྲང་སྙོམས་པ་བཅས་ཡིན་ན་ད་གཟོད་འཚོ་སྡོད་བྱེད་པ་ཡིན། ཉེ་བའི་ལོ་འགའི་རིང་། སྲུང་སྐྱོང་ཁུལ་ནང་གི་ཁྲུང་ཁྲུང་སྐེ་ནག་གི་རིགས་ཁྱུ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེས་ཕྱོགས་གཞན་ཞིག་ནས་བརླན་སའི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཡོད་ཟེར།

མཛོད་དགེ་ལ་ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་གི་ཕ་ས་ཞེས་པའི་མཚན་སྙན་ཡོད་པ་དང་། དེའི་ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལེགས་པོས་ཡུལ་སྐོར་བའི་ཁྲོད་མཁའ་མཐའི་ལྷ་ཡུལ་ཞེས་པའི་མཚན་སྙན་ཡོད་པར་གྱུར་བ་མ་ཟད། བྱ་བྱེའུ་རྣམས་ཀྱི་བདེ་སྐྱིད་ཀྱི་གཞིས་ཁྱིམ་དུ་གྱུར་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།