སི་ཁྲོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེང་རབས་ཀྱི་ཞིང་ལས(ཀུ་ཤུ)ཐོན་ལས་གླིང་དང་། འདེབས་འཛུགས་རྒྱུན་འཁོར་གྱི་དེང་རབས་ཞིང་ལས་གླིང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གླིང་ལ་སོགས། ཟླ་6ཚེས་10དང་11ཉིན་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ཤིང་། ཞིང་ཨུད་ཀྱི་ཧྲུའུ་ཅི་དང་། ཧྲེང་ཀྲང་། ཚན་ཁག་ཆེན་པོ་བཞིའི་འབྲེལ་ཡོད་འགོ་ཁྲིད། དེ་བཞིན་གྲོང་ཁྱེར་དང་ཀྲོའུ་21དང་རྫོང(གྲོང་ཁྱེར་དང་ཆུས)183གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་ཁག་བཞི་ལ་བགོས་ཏེ། ལེང་ཧྲན་ཀྲོའུ་ཡི་ཤིས་ཁྲང་གྲོང་ཁྱེར་དང་། ཧུའེ་ལི་གྲོང་ཁྱེར། ཏེ་ཁྲང་རྫོང་། ཧུའེ་ཏུང་རྫོང་། པུའུ་ཧྲེ་རྫོང་། ཀྲའོ་ཅུའེ་རྫོང་། ཞིས་ཏེ་རྫོང་། མན་ཉིང་རྫོང་། གཡོད་ཤིས་རྫོང་དང་དེ་བཞིན་ཕན་ཀྲེ་ཧྭ་གྲོང་ཁྱེར་གྱི་རེན་ཧོ་ཆུས་དང་། སྨིན་དབྱི་རྫོང་། ཡན་པེན་རྫོང་བཅས་སུ་རྟོག་ཞིབ་བྱེད་པར་བསྐྱོད་པ་མ་ཟད། ད་དུང་ཤིས་ཁྲང་གྲོང་ཁྱེར་དུ་ལས་དོན་སྐུལ་འདེད་ཚོགས་འདུ་ཡང་འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ་རེད། སི་ཁྲོན་གྱིས་ཚད་གཞི་མཐོ་བའི་ཚོགས་འདུ་དེ་འདྲ་ཞིག་འཚོགས་ཏེ། སྤྱི་ཚོགས་ཡོངས་ལ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུ་དང་། “ཞིང་གསུམ”ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱ་རྒྱུ། སི་ཁྲོན་གྱི་ཞིང་ལས་ཞིང་ཆེན་ཆེན་པོའི་གསེར་གྱི་བྱང་བུ་དེ་གཙང་མ་ཕྱིས་ནས་མངོན་གསལ་རྗེ་དོད་དུ་གཏོང་རྒྱུ་བཅས་ཀྱི་རྟགས་མཚན་གསལ་པོ་བསྟན་ཡོད་པ་རེད།

ཚོགས་ཞུགས་འཐུས་མི་ཚོས་གནས་ཡུལ་30ཙམ་ལ་རྟོག་ཞིབ་བྱས་ཤིང་། གསར་དུ་བསྐྲུན་པའི་འགྲོ་ལམ་དང་། གྲལ་སྟར་འགྲིག་པའི་གྲོང་ཚོ་གསར་པ། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་ཁྱད་ལྡན་ཐོན་ལས་བཅས་གང་ས་གང་ནས་མཐོང་རྒྱུ་ཡོད་པའི་ནང་། མང་པོ་ཞིག་ནི་ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་བྱས་པ་དང་། ཁ་གཏད་རོགས་སྐྱོར་བྱས་པ། གནས་གཏན་འཁེལ་གྱི་རོགས་སྐྱོར་བྱས་པ་བཅས་ཀྱི་གྲུབ་འབྲས་ཤ་སྟག་རེད། དེ་སྔོན་སྤྱི་ཚོགས་ལམ་ལུགས་ཐད“གོམ་པ་གང་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”དབྱིས་རིགས་མང་ཚོགས་རྣམས་ཤིན་ཏུ་དབུལ་བའི་གནས་ལས་རྦད་དེ་བསྒྲལ་ཏེ། བདེ་སྐྱིད་ཁམས་བཟང་གི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་གསར་པ་བྱུང་ཡོད། ཚང་མས་ལྟ་གིན་ལྟ་གིན་ཉན་གྱིན་ཉན་གྱིན་བྱས་པ་དང་བསམ་བློ་གཏོང་གིན་གཏོང་གིན་གྲོས་མོལ་བྱེད་ཀྱིན་བྱེད་ཀྱིན་བྱས་ཤིང་། གནས་དེ་དག་ནས་དབུལ་སྒྲོལ་འགག་སྒྲོལ་ལས་རྒྱ་ཆེའི་གྲོང་གསེབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བའི་ས་གནས་ས་ཐོག་གི་སློབ་གསོ་ཐེངས་གཅིག་དང་ལེན་བྱུང་བ། གསོན་ཉམས་དོད་པའི་ཏང་གི་ལོ་རྒྱུས་སློབ་གསོའི་སློབ་ཚན་ཞིག་ཉན་རྒྱུ་བྱུང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད། ཚང་མས་ཏ་ལེང་ཧྲན་ཤིན་ཏུ་དབུལ་བ་ནས་དུས་གཅིག་ཏུ་འབྱོར་འབྲིང་དང་དེ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བྱུང་བའི་བར་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་སྟོབས་ཀྱང་གང་ལེགས་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བསྟན་གནང་བའི་ཁ་ཕྱོགས་གཞིར་བཟུང་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བློ་སེམས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་བཅས་བྱས་ན། གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་ལེགས་གྲུབ་ཡོང་ངེས་ཡིན་ཞེས་བཤད་པ་རེད།

དབུལ་ཞྭ་འབུད་པ་ནི་མཇུག་མཐའ་མ་ཡིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་འགོ་ཚུགས་པ་ཞིག་ཡིན་ཞིང་། ན་ནིང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི“མཐའ་མའི་འགག་གནད”སེལ་རྒྱུར་འབད་པ་ལྷོད་མེད་བྱས་ཡོད། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོཌ་ཡོངས་ནས་དབུལ་སྒྲོལ་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། དབུལ་སྒྲོལ་གྱི་རྨང་གཞི་དེ་བས་བརྟན་པོ་དང་གྲུབ་འབྲས་དེ་བས་མུ་མཐུད་ཐོན་པ་བྱེད་དགོས་ཞེས་བཏོན་ཡོད། འདི་ལོའི་ལོ་འགོར་སི་ཁྲོན་ཞིང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པ”ཧྲིལ་པོའི་རིང་གི་གྲོང་གསེབ་ལས་དོན་གྱི་ལས་འགན་གལ་ཆེ་ཤོས་ཤིག་ཡིན་ཞེས་སྔར་བས་ཁ་གསལ་བཏོན་ཡོད། སི་ཁྲོན་ཞིང་ཨུད་ཀྱིས་དབུལ་སྒྲོལ་རྫོང་ལ་ལོ་ལྔའི་བར་བརྒལ་དུས་ཚིགས་གཏན་འཁེལ་བྱས་ཏེ་སྲིད་ཇུས་དང་། སྒྲིག་གཞི། སྟོབས་ཤུགས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་བརྟན་པོའི་ངང་བར་བརྒལ་ཡོང་བ་བྱེད་དགོས་པ་དང“བསམ་བློ་མི་འཁྲུག་པ་དང་། ལས་ཀའི་རྒྱུན་མི་ཆད་པ། དཔུང་ཁག་མི་ཐོར་བ། ལས་ཀ་བྱེད་ཤུགས་ཆུང་དུ་མི་འགྲོ་བ”བཅས་བྱས་ཏེ། དབུལ་སྒྲོལ་རྫོང་ལ་མུ་མཐུད་རོགས་སྐྱོར་བྱེད་དགོས་ཞེས་གསལ་པོ་བཏོན་ཡོད། ཟླ་4པར་སི་ཁྲོན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་སླར་ཡང་བསྐྱར་བསྒྲགས་བྱས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་། བར་བརྒལ་དུས་ཚིགས་དང་བརྟན་པོའི་ངང་སྦྲེལ་མཐུད་བྱ་རྒྱུ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད།

གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། དཀའ་ཚད་བཅས་ཚང་མ་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས་ཇི་ལྟར་བྱས་ནས་ཚད་བརྒལ་ས་གནད་ལ་འཁེལ་པོས་རྙེད་པར་བྱེད་དགོས་སམ། སི་ཁྲོན་གྱི་འཆར་གཞི་ནི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་གཙོ་གནད་ཆེན་པོ་ལྔར་དམིགས་ཏེ། “འཆར་འགོད་ས་བཀྲ”འགོད་རྒྱུ་དང་དེ་བཞིན་རྩེ་རིམ་ཇུས་འགོད་ནས་འགོ་བཙུགས་ཏེ། དཀའ་ངལ་དག་གོ་སྐབས་དང་སྒུལ་ཤུགས་དག་གནོན་ཤུགས་སུ་བསྒྱུར་ནས་སི་ཁྲོན་འདི་ཉིད་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མགྱོགས་ལམ་ཐོག་སྐྱོད་རྒྱུར་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།