ལི་ཐང་རྫོང་གིས་མང་ཚོགས་ལ་ཁྱིམ་ཚང་སྨན་པའི་ཞབས་ཞུའི་གན་རྒྱ་བཞག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ལི་ཐང་རྫོང་གིས་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ནུས་ཁུངས་སྤྱི་འདོམས་བྱས་པས། “ཁྱིམ་ཚང་སྨན་པས་ཁྲིད་སྟོན་བྱེད་པ་དང་ཞིང་སྡེའི་སྨན་པས་གཞོགས་འདེགས་བྱེད་པའི”བྱ་བའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་ཅིང་། ཁྱིམ་ཚང་ཚང་མས་གན་རྒྱ་འཇོག་པ་དང་། སྨན་པ་སྒོ་འགྲམ་དུ་སྐྱོད་པ། འགན་ལེན་ཇེ་ལེགས་སུ་གཏོང་བ། གློག་རྡུལ་གྱི་རྣམ་པས་གན་རྒྱ་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྤུས་ཚད་མཐོན་པོས་མང་ཚོགས་ལ་ཞབས་འདེགས་ཞུས།

ཁྱིམ་ཚང་ཚང་མས་གན་རྒྱ་བཞག་ནས་བདེ་ཐང་ཡིག་ཚགས་བཟོས་པ། “1+1+X”(སྤྱི་ཚན་སྨན་པ་དང་། སྤྱི་བའི་འཕྲོད་བསྟེན་མི་སྣ། སྨན་བཅོས་ལག་རྩལ་པའི)ཚོགས་པའི་ཞབས་ཞུའི་རྣམ་པ་སྤྱད་དེ་རྒན་རྒོན་དང་། སྦྲུམ་མ། ཚགས་འཛུགས་བྱང་སྒྲིག་དབུལ་བོ་སོགས་ཀྱི་མི་ཚོགས་ལ་ཞབས་ཞུའི་གྲོས་མཐུན100%བཞག་པ་དང་། དམིགས་ཚད་རང་གཤིས་ཅན་གྱི་སྨན་དོན་བདེ་ཐང་དོ་དམ་ཇུས་གཞི་བཟོས་ནས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་བསྐང་།

སྨན་པ་སྒོ་ཁར་སྐྱོད་པ། མི་སྒེར་གྱི་སྨན་ཁང་ཕྱེས་པ། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ལ་ཕྱི་ནང་ཚན་ཁག་དང་། ཉིན་རྒྱུན་སྨན་ཞབས། རིག་ཚན་མང་པོ་གཅིག་བསྡུས་བཅས་ཀྱི་སྨན་བཅོས་བྱས་ཏེ། “དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་བདེ་ཐང་བློ་འདྲི་དང་། སྨན་པ་སྔོན་མངགས་སྨན་བཅོས། བདེ་ཐང་དོ་དམ། གཅོང་ནད་ཅན་ལ་དུས་ངེས་མེད་དུ་བརྟག་དཔྱད། སྙན་ཞུ་འགྲེལ་བཤད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས། 2020ལོར་རྫོང་ཡོངས་སུ་ལོ65ཡན་གྱི་རྒན་པ2300ལ་བརྟག་དཔྱད་བྱས་པ་དང་། ལོ6མན་གྱི་བྱིས་པ443ལ་སྨན་ཁབ་རྒྱབ་ཅིང་། ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟགས་ཁུའི་ནད་ཡོད་མཁན3604ལ་དུས་ངེས་མེད་དུ་བརྟག་དཔྱད་བྱས།

འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། མང་ཚོགས་ལ་ཞབས་འདེགས་སྔར་བས་བཟང་པོ་ཞུས། “སྡེ་བ་རེར་སྨན་ཁང་རེ་ཡོད་པའི”རྒྱུན་རྣམ་ཅན་གྱི་ལས་སྒོའི་གསོ་སྦྱོང་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ནས། ཀྲེ་ཅང་དང་སུའེ་ཉིང་། ནུབ་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་བེད་སྤྱད་ནས་འགན་འཁྱེར་གསོ་སྦྱོང་བྱེད་རེས་ཀྱི་ལམ་སྲོལ་བཙུགས་ནས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱས།

གློག་རྡུལ་གན་རྒྱ་བཞག་ནས་ཆ་འཕྲིན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། “སྦྲེལ་དྲ+”དང་སྤོ་འགུལ་མཐའ་སྣེའི་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་དྲ་ཐོག་ནས་གན་རྒྱ་འཇོག་པ་དང་། བདེ་ཐང་གི་ཆ་འཕྲིན་འཚོལ་བསྡུ། སྡེ་མིའི་བདེ་ཐང་ཡིག་ཚགས་རྩད་ཞིབ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས། ཙ་ཀུའུ་ནའོ་གྲོང་རྡལ་འཕྲོད་བསྟེན་ཁང་ནི་དྲ་སྦྲེལ་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའིAPPམ་ལག་གི་དཔེ་སྟོན་ས་ཚིགས་སུ་འཇོག་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།