​དཀར་མཛེས་རྟའུ་རུ་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱི་མ་དངུལ་གཡོ་ལེན་བྱས་ནས་དབང་ཆ་གང་བྱུང་དུ་སྤྱད་པར་ཞིབ་བཤེར་ཐག་གཅོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གཱ་འདི་ནི་ང་ཚོའི་གྲོང་ཚོའི་ཀྲི་པུའུ་ཡི་ཧྲུའུ་ཅིས་གཅིག་གྱུར་བཟོས་པ་ཞིག་རེད། ང་ཚོས་གསལ་པོ་ཤེས་ཀྱི་མེད” ཉེ་དུས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རྟའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཞིབ་དཔྱད་ཚོགས་ཆུང་གིས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་8དང་འབྲེལ་བ་ཡོད་པའི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱི་མ་དངུལ་ཞིབ་དཔྱད་བྱེད་སྐབས། མང་ཚོགས་ཀྱིས་རང་ཉིད་ཀྱི་གཱ་ཡི་སྤྱོད་སྒོ་དང་གཱ་ནང་གི་མ་དངུལ་གཏོང་ཕྱོགས་རྩ་བ་ནས་ཤེས་ཀྱི་མེད།

“གཱ་འདི་ཇི་ལྟར་བཟོས་པ་རེད་དམ། གཱ་འདི་བཟོ་བར་ཁྱེད་ཚོའི་ཐོབ་ཐང་ལག་ཁྱེར་མི་དགོས་སམ”ཞེས་རྟའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་མི་སྣས་དྲིས།

“ང་ཚོས་ཡི་གེ་མི་ཤེས་པས་རྒྱུན་དུ་གྲོང་ཚོའི་ལས་བྱེད་པ་དང་ཤང་གི་ལས་བྱེད་པས་ང་ཚོར་ལས་དོན་གཉེར་རོགས་བྱེད་ཀྱི་ཡོད། ཐོབ་ཐང་ལག་ཁྱེར་རྒྱུན་དུ་ཁོ་ཚོའི་ལག་ཏུ་ཡོད། གཱ་ཡི་སྤྱོད་ནུས་བཟོ་སྐབས། ང་ཚོས་གཞི་ནས་གཱ་འདི་འདྲ་ཞིག་ཡོད་པ་ཤེས་བྱུང”“དངུལ་དེ་ཚོ་ངེས་པར་དུ་ཁྱེད་ཚོའི་གཱ་ནས་འདོན་དགོས་དོན་གང་ཡིན་པ་ཁྱེད་ཚོས་ཤེས་སམ”“སྐབས་དེ་དུས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིས་འདི་ནི་སྦྱིན་བདག་གི་དངུལ་ཡིན་པ་དང་ང་ཚོའི་གཱ་ནང་དངུལ་བླུག་དགོས་བྱུང་བ་ཙམ་རེད་ཅེས་བཤད་བྱུང”ཞེས་བཤད།

དེ་ཉིན་རྟའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཞིབ་དཔྱད་ཚོགས་ཆུང་གིས་ངོ་ཐུག་ཚོགས་འདུ་འཚོགས་ནས། དབྱེ་ཞིབ་བྱས་མཐར་གནད་དོན་རིམ་གྱིས་ཤེས་རྟོགས་བྱུང་། བརྟག་དཔྱད་བྱས་རྗེས། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་8ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིས་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱི་མ་དངུལ་གཡོ་ལེན་བྱས་པའི་དོགས་གཞི་ཡོད་པ་རེད།

མིག་སྔར་རྟའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་གི་དབུལ་སྐྱོར་གནས་སྤོ་ཅུས་དང་དེ་བཞིན་ཤང་དང་གྲོང་ཚོའི་རིམ་གཉིས་ལས་བྱེད་པ་ཁྱོན་17ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པ་དང་སྦྲགས། འཚོ་རྟེན་ལས་སྤྲོད་རྣམ་གྲངས་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་ཁྲི་90.692རྫོང་ནོར་སྲིད་ལ་བསྐྱལ་བ་རེད།

རྟའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས། ཉེ་བའི་ལོ་ཤས་རིང་རྟའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཀྱི་ཉེ་འགྲམ་དུ་ལྷག་པའི་རུལ་སུངས་ཀྱི་གནད་དོན་དང་ཚུལ་མིན་གྱི་སྤྱོད་ཚུལ་ནུས་ཤུགས་ཡོད་རྒུས་ཤེས་རྟོགས་དང་ཐག་གཅོད་ལ་སྐུལ་འདེད་བཏང་བས་མང་ཚོགས་ཚོར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། སྤྱོད་གཙང་རུལ་རྒོལ། ལྟ་སྐུལ་བཅས་ཉེ་འགྲམ་དུ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་བ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།