དཀར་མཛེས་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་གསོ་དབུལ་སྐྱོར་གྱི་ཕན་འབྲས་སྲ་བརྟན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་སློབ་གསོ་དབུལ་སྐྱོར་ལས་དོན་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ“སློབ་གྲྭར་བསྐྱོད་པ་དང་། རོགས་དངུལ་སྤྲོད་པ། སློབ་སྦྱོང་བཟང་པོ་བྱེད་པ། འཚར་ལོངས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་དམིགས་འབེན་ལ་དམིགས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རིམ་པ་རེ་རེ་བཞིན་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་སློབ་གསོའི་དབུལ་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་འགན་ལེན་བྱས།

རྒྱུན་ཆད་མེད་པར་སློབ་གཉེར་ཆ་རྐྱེན་འཐུས་ཚང་དུ་བཏང་བ། “གཞི་རྩའི་འགན་སྲུང་དང་ཞན་ཆ་གསབ་པའི”རྩ་དོན་ལྟར། དོ་སྙོམས་ལྟ་སྐུལ་སློབ་སྟོན་ཀྱི་དཔྱད་དཔོག་རྩིས་ལེན་རྫོང་དང་།དབུལ་ཐར་འགག་སྒྲོལ་གྱི་གཙོ་གནད་རྫོང་ཆ་ནས་ཕྱོགས་ཡོངས་ནས་རོགས་སྐྱོར་ལས་གཞི་ལག་བསྟར་བྱས། ཆ་རྐྱེན་ཞན་པའི་ས་ཁུལ་དང་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་དམིགས་སུ་བཀར་ནས་སྔོན་ལ་ཐག་གཅོད་བྱས་ཤིང་། ལོ་ཧྲིལ་པོའི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཐད་སློབ་གྲྭ317གྱི་འཛུགས་སྐྲུན་ལས་གཞི366ལ་མ་དངུལ་སྒོར་ཁྲི84696བཏང་བས། ལོ་འཁོར་གྱི་སློབ་གསོའི་དབུལ་ཐར་འགག་སྒྲོལ་དང་དེ་མིན་ཉག་ཆུའི་སྟོད་རྒྱུད་ཀྱི་དབུལ་ནག་རྫོང4དང་ཤང་གྲོང24ཡི་སློབ་གྲྭ་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས།

དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱུང་བ། ལོ་བཅོ་ལྔའི་རིན་མེད་སློབ་གསོར་འགན་སྲུང་དང་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱས་ནས། ལོ་ཧྲིལ་བོར་ལོ་བཅོ་ལྔའི་རིན་མེད་སློབ་གསོ་འགན་ལེན་བྱེད་པར་སློབ་མ་ཁྲི21.92ལ་མ་དངུལ་སྒོར་དུང་ཕྱུར6.01བཏང་ཞིང་། ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གི་སློབ་གསོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མ་ཁྲི3.75ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི6377སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།