ལིའུ་ཕིང་གིས་ཁུལ་ཨུའི་ཏོག་གསར་གློ་ཚད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་11པར་གསུང་དོན།
མི་དམངས་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་བསྐྱངས་ནས་ཁུལ་ཡོངས་ཀྱི་རིམས་འགོག་ལས་ནམ་ཡང་རྒྱལ་ཁ་ལེན་དགོས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཁུལ་ཨུའི་ཏོག་གསར་གློ་ཚད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་11པ་འབར་ཁམས་གྲོང་ཁྱེར་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཏོག་གསར་གློ་ཚད་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཕིང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི རིམས་འགོག་ཚོད་འཛིན་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཟླ་12ཚེས་8ཉིན་ཞིང་ཨུའི་ཏོག་གསར་གློ་ཚད་ལས་དོན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་གསུང་བཤད་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་བློ་ཐག་ཆོད་ཤོས་དང་། འཕྲལ་ཐག་ཆོད་ཤོས། གཟབ་ནན་ཆེ་ཤོས། ཕན་འབྲས་ཆེ་ཤོས་བཅས་ཀྱི་བྱེད་ཐབས་སྤྱད་དེ་རིམས་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ནས་ཁུལ་ཡོངས་ཀྱི་རིམས་འགོག་ལས་ནམ་ཡང་རྒྱལ་ཁ་ལེན་དགོས།
ཚོགས་འདུ་ལས་ཟླ་12ཚེས་8ཉིན་ཞིང་ཨུའི་ཏོག་གསར་གློ་ཚད་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་རིམས་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ། རྫོང(གྲོང་ཁྱེར)དང་ཝོ་ལུང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རིམས་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གསན་པ་རེད།
ལིའུ་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ཡོངས་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་མཆེད་བཞིན་ཡོད་ལ། རང་རྒྱལ་གྱི་རིམས་ནད་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡིན་མོད། འོན་ཀྱང་ས་ཁུལ་ཁ་ཤས་སུ་གསར་དུ་ནད་པ་འབྱུང་བཞིན་ཡོད་པས། རིམས་འགོག་ཚོད་འཛིན་གྱི་གནོན་ཤུགས་སྔར་བཞིན་ཅུང་ཆེ། ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ལ་ས་གནས་ནད་རྟགས་ཅན་བྱུང་བས། ང་ཚོར་ཉེན་བརྡ་བཏང་ལ། རྒྱུན་རྣམ་ཅན་གྱི་རིམས་འགོག་དང་ཚོད་འཛིན་བྱ་རྒྱུ་སྐད་ཅིག་ཙམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་།ཁུལ་ཡོངས་ཀྱིས་རིམས་འགོག་ཚོད་འཛིན་བྱ་རྒྱུ་དེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། ལུས་ཁམས་བདེ་ཐང་། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩི་དགོས་ལ། རིམས་འགོག་ཚོད་འཛིན་གྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་རྙོག་དྲ་མི་བཟོ་བ་བཅས་བྱེད་དགོས།
ལིའུ་ཕིང་གིས་ནན་གྱིས་བསྟན་དོན། ཁོངས་ཡོངས་སུ་ནད་པ་ཁུལ་ནང་དུ་མི་ཐོན་རྒྱུ་གཏན་འགོག་བྱེད་དགོས། གནས་ཡུལ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དགོས། མཁོ་བསྟུན་གྲ་སྒྲིག་ལེགས་པོ་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། ཁུལ་རིམས་འགོག་ཚོད་འཛིན་འགོ་ཁྲིད་ཚན་ཆུང་དང་དེ་མིན་བཀོད་འདོམས་པུའུ་ཡིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས་རིམས་འགོག་ཚོད་འཛིན་ལས་དོན་ཕྱོགས་ཡོངས་ནས་སྤྱི་འདོམས་བྱེད་དགོས། ཏང་ཡོན་ལས་བྱེད་པས་མདུན་ཕྱོགས་ཀྱི་བཀོད་འདོམས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ལས་དོན་རེ་རེ་དང་ལྷུ་ཚིགས་རེ་རེ་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། རྫོང(གྲོང་ཁྱེར)ཁག་གིས་ཉེན་ཁ་རིམ་བཤེར་ལ་ཤུགས་བསྣན་ནས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་དོ་དམ་ལེགས་པོ་བྱེད་དགོས། ཁུལ་རིམ་པའི་སྡེ་ཁག་གིས་གཙོ་གནད་གནས་ཡུལ་གྱི་ལྟ་སྐུལ་དོ་དམ་དང་། མཁོ་བསྟུན་གྲ་སྒྲིག དངོས་རྫས་མཁོ་སྤྲོད་བཅས་ལ་ཤུགས་སྣོན་དགོས། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བར་འགན་སྲུང་ཏན་ཏིག་བྱེད་དགོས། ཁུལ་ཡོངས་ཀྱིས་རིམས་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བརྟན་ལྷིང་དྲུག་གི་ལས་དོན་མུ་མཐུད་དུ་ལེགས་པོར་བསྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དབུལ་བྲལ་གྲུབ་འབྲས་སྲ་བརྟན། དམངས་འཚོ་འགན་ལེན་སོགས་ཕྱོགས་ཁག་གི་ལས་དོན་ལ་དམ་འཛིན་ལེགས་པོ་བྱེད་དགོས། རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱལ་ཁ་གཉིས་ལེན་གང་ཐུབ་བྱ་དགོས།
ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་ལམ་ནས་འཚོགས་ཤིང་། རྫོང(གྲོང་ཁྱེར)དང་ཝོ་ལུང་དམིགས་བསལ་སྲིད་འཛིན་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ཡོད། ཁུལ་ཨུའི་ཏོག་གསར་གློ་ཚད་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཁུལ་ཏོག་གསར་གློ་ཚད་མཁོ་སྡོམ་བཀོད་འདོམས་པུའུ་ཡི་ཁོངས་མི་ཚོགས་ར་གཙོ་བོར་ཞུགས་པ་རེད། རྫོང་དུ་བཅའ་སྡོད་ཀྱི་ཁུལ་རིམ་པའི་འགོ་ཁྲིད་དང་།རྫོང(གྲོང་ཁྱེར)ཁག་གི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་ཡན་ལག་ཚོགས་རར་ཞུགས་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མི་དམངས་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་བསྐྱངས་ནས་ཁུལ་ཡོངས་ཀྱི་རིམས་འགོག་ལས་ནམ་ཡང་རྒྱལ་ཁ་ལེན་དགོས།