དཀར་མཛེས་ཁུལ་གྱིས་རེས་སྐོར་གསར་བའི་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱ་འགུལ་སྤེལ།

1607561722456951.jpg

དྲིལ་བསྒྲགས་བྱ་འགུལ་གྱི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བདུན་པ་ཡིན་པ་དང་། ཟླ11པའི་ཚེས30ཉིན་ནས་ཟླ12ཚེས6ཉིན་གྱི་བར་ནི་རྒྱལ་ཡོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གསུམ་པའང་ཡིན། རྩ་ཁྲིམས་ཉིན་མོ་ཉིན་དེའི་སྔ་དྲོར་གསར་འགོད་པས་དར་མདོའི་མཛའ་གཞས་ཐང་ཆེན་དུ་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡུལ་དངོས་ནས་འདྲི་རྟོག་དང་དྲིལ་བསྒྲགས་ཞབས་ཞུ་བྱ་འགུལ་སྤེལ་བཞིན་པ་མཐོང་ལ། དཀར་མཛེས་ཁུལ་གྱི་རེས་སྐོར་གསར་བའི་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་འཕྱུར་ཡོད།

བྱ་འགུལ་གྱི་ཡུལ་དངོས་སུ། གཙོ་སྒྲུབ་དང་འགན་སྒྲུབ་ལས་ཁུངས་ཀྱིས་ཁུལ་དང་གྲོང་ཁྱེར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་ཞུགས་སྡེ་ཚན་དང་། ཁེ་ལས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་ཚོགས་པ་བཅས་བསྡོམས་པས་སྡེ་ཚན30ལྷག་དང་མཉམ་འབྲེལ་སྒོས་མི་སྣ་མངགས་ནས་འགྲེམས་སྟེགས་འཛུགས་པ་དང་། འགྲེམས་པང་བཟོ་བ། སྦྱར་ཡིག་འགེལ་བ། བསྒྲགས་ཡིག་འགྲེམ་གཏོང་བྱེད་པ། གྲོང་མིའི་བཅའ་ཁྲིམས་འདྲི་རྟོག་དང་ལེན་བྱེད་པ་བཅས་བྱས་ཏེ། རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་གཙོར་བཟུང་ནས་སྡེ་ཚན་སོ་སོ་དང་འབྲེལ་བ་ཞིབ་ཕྲ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། དུག་འགོག་དང་། གློག་འཕྲིན་ཁ་བསླུས་སྔོན་འགོག ནག་སེལ་གཤེད་བཅོམ། ཁང་རྒྱུ་ཉོ་ཚོང་སྒྲུབ་གཉེར། གནས་ཐང་འཕར་ཁྲལ་གཅོག་པ། ཞིང་ཆེན་དང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲོལ་ཡིག་སོགས་ལས་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ནང་དོན་གཙོ་གནད་དུ་དྲིལ་བསྒྲགས་བྱས།

“རྗེས་མར་ང་ཚོས་ཁྱབ་སྤེལ་བྱེད་ཐབས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ཏེ་སྤྱོད་རྒྱུ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ‘རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར’གྱི་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ཞིང་། རྩ་ཁྲིམས་དེ་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་རྒྱུན་གཏན་འཚོ་བའི་ནང་ཁྱབ་པ་དང་རོང་འབྲོག་མང་ཚོགས་དང་ཉེ་བར་བཅར་ནས་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་འཕྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན། ”ཅེས་ཁུལ་ཏང་ཨུའི་ཁྲིམས་ལྟར་ཁུལ་སྐྱོང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད། བྱ་འགུལ་སྤེལ་ཡུལ་དུ་སྟེར་བཞིན་པའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ལག་དེབ་དང་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་གཞི་རྟེན་དུ་བྱས་པའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དངོས་རྫས་སོགས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་ཤུགས་སྣོན་བྱས་ཡོད་པས། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།