མཚན་སྙན་གྲགས་རྒྱས་བཞིན་པའི་ཁམས་ཀྱི་ཕོ་སར་ཆུང་ཆུང་བསྟན་འཛིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ11པའི་ཟླ་སྟོད་ནས་ཁ་ལས་རླུང་རྟའི་དགེ་མཚན་དགུང་དུ་དར་བའི་ཁམས་ཀྱི་ཕོ་སར་ཆུང་ཆུང་ཞིག་དུས་རབས་ཀྱི་དྲ་བའི་དགེ་མཚན་དང་འགྲོགས་ནས་མཚན་སྙན་བ་དན་དཀར་པོ་རྒྱལ་ཡོངས་འཛིན་མའི་སྒང་དུ་འཕྱར་བཞིན་མི་དུང་ཕྱུར་མང་པོས་དོ་ཁུར་བྱེད་སའི་ཡུལ་དུ་གྱུར་པར་མ་ཟད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་ཁྱད་པར་ཁམས་ལི་ཐང་རྫོང་གི་ཡུལ་སྐོར་རིག་གནས་ཀྱི་ཆེས་བཟང་བའི་གཟུགས་བརྙན་སྨྲ་ཚབ་པར་གྱུར། ཁམས་ཀྱི་ཕོ་སར་ཆུང་ཆུང་དེའི་མིང་ལ་བསྟན་འཛིན་ཞེས་འབོད་ལ་ཁམས་ལི་ཐང་རྫོང་གི་ས་ཆར་སྐྱེས་ཤིང་ཆུང་ནས་སློབ་གྲྭའི་སྒོ་ཐེམ་སྙེག་པའི་སྐལ་བ་ལྡན་མ་མྱོང་ལ་དུས་རབས་ཀྱི་སྙོག་དྲྭ་དང་མི་ཚོགས་ཀྱི་བསླུ་བྲིད། སྤྱི་ཚོགས་ཀྱི་འགྲན་རྩོད་བཅས་ཀྱི་རྒྱ་རུ་མ་ཚུད་པའི་ཆེས་དྭངས་གཙང་གི་སེམས་ཁམས་དང་ལྡན་ཞིང་རི་མཐོ་ས་གཙང་བོད་ཀྱི་ཡུལ་ཏེ་ཆེས་སྤྲོ་སྐྱིད་ཀྱི་ཞིང་ནས་འཚོ་བའི་ན་ཚོད་དར་ལ་བབ་པའི་ཁམས་ཀྱི་ཕོ་སར་ཆུང་ཆུང་ཞིག་ཡིན།


20201217678335425_副本.jpg

ཁམས་ཀྱི་ཕོ་སར་ཆུང་ཆུང་བསྟན་འཛིན་ལགས་དྲྭ་སྟེང་ནས་མཚན་སྙན་གྲགས་རྒྱལ་ཡོངས་འཛིན་མའི་པང་བར་ཡུལ་དུས་ཀྱི་ཐོགས་རེག་གཏོར་ཏེ་ཆར་བ་བཞིན་ཟིམ་ཟིམ་དུ་བབ་ཅིང་རླུང་བུ་བཞིན་ཤིག་ཤིག་ཏུ་གཡུག་པས། བསྟན་འཛིན་གྱི་མཚན་སྙན་དང་འགྲོགས་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་སྔར་མེད་ཀྱི་དོ་ཁུར་དང་རྒྱུས་ལོན་བྱས་ཤིང་། ལི་ཐང་རྫོང་གཙོ་བོར་བྱས་པའི་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཐད་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པ་ཞིག་བསྩལ་ཡོད་པ་དང་། ཡུལ་སྐོར་ལྗོངས་ཁུལ་དག་ལ་ཡུལ་སྐོར་བའི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཚུལ་བརྗོད་བཞིན་འདུག། མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འཕྲིན་སྦྱོར་སྡེ་ཁག་གང་མང་ཞིག་གིས། བསྟན་འཛིན་དང་འབྲེལ་བའི་དྲ་བའི་གླེང་མོལ་ཚ་ཚ་འུར་འུར་གྱིས་བྱེད་བཞིན་པའི་སྒང་ཡིན་ལ། ཚོད་རྩིས་བྱས་པ་ལྟར་ན་བསྟན་འཛིན་ལ་དོ་ཁུར་བྱས་མཁན་གྱི་མི་གྲངས་དུང་ཕྱུར་བཅུ་ལས་བརྒལ་ཡོད་ཟེར། དེ་ལྟར་ཡིན་ན་གཞི་ཁྱོན་འདི་འདྲ་ཆེན་མོ་ཞིག་ནས་དོ་ཁུར་བྱེད་མཁན་ཆེས་མང་པའི་བོད་ཀྱི་ཕོ་སར་ཐོག་མ་དེར་གྱུར་ཡོད་པ་རེད།


20201213084627479_副本.jpg

བསྟན་འཛིན་དྲྭ་གྲགས་ཀྱི་རླུང་རྟའི་རྒྱལ་མཚན་རྒྱལ་ཡོངས་འཛིན་མའི་མཁའ་ལ་བསྒྲེངས་བ་དང་ལྷན་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པའི་ཚེ་སྲོག་གསར་པ་རེ་བསྩལ་ཡོད་དེ། གང་དུ་སྐྱོད་ཅེས་པའི་དྲ་བའི་གཞི་གྲངས་ལས་མངོན་པར་གཞིགས་ན། སྤྱི་ཟླ11ཚེས25ཉིན་བར་སླེབས་དུས། སི་ཁྲོན་དཀར་མཛེས་ས་ཁུལ་གྱི་གསོལ་མགྲོན་ཁང་ཁག་ཏུ་སྔོན་མངགས་བྱེད་ཚད་ན་ནིང་གི་དུས་མཚུངས་ལས89%འཕར་ཡོད་པ་རེད། སྤྱི་ཟླ11ཚེས17ཉིན་ནི་སྔོན་མངགས་བྱེད་ཚད་མང་དུ་འགྲོ་བའི་ཉིན་དང་པོ་ཡིན་པ་དང་། ཉིན་དེ་རང་གི་སྔོན་མངགས་བྱེད་ཚད་ན་ནིང་གི་དུས་མཚུངས་ལས111%ཟིན་པ་དང་དང་ཉིན་སྔོན་མ་ལས15%འཕར་ཡོད། དེ་རྗེས་ཀྱི་གཟའ་འཁོར་གཅིག་ནང་དཀར་མཛེས་ས་ཁུལ་གྱི་གསོལ་མགྲོན་ཁང་དུ་ཉིན་རེའི་སྔོན་མངགས་བྱེད་ཚད་དེ་དུས་མཚུངས་ལས་ལྡབ་གཅིག་ལྷག་ཙམ་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད།

20201217171274533_副本.jpg

གནམ་གྲུའི་སྤ་སེ་འཚོང་ཚད་ཐོག་ནས་བཤད་ན། སྤྱི་ཟླ11ཚེས16ཉིན་ནས་བཟུང་དཀར་མཛེས་ཁུལ་དར་རྩེ་མདོའི་གནམ་ཐང་དང་། འདབ་པ་གནམ་ཐང་ལ་སྐྱོད་པའི་སྐུ་མགྲོན་ན་ནིང་གི་དུས་མཚུངས་ལས་ལྡབ་གཉིས་ལ་ཉེ་བ་འཕར་ཡོད་པ་དང་། སྤྱི་ཚེས17ཉིན་གཅིག་པུའི་མངགས་ཐོ་ཡང་ན་ནིང་གི་དུས་མཚུངས་ལས90%འཕར་ཡོད། གཞན་ཡང་སྤྱི་ཚེས21ཉིན་དང་སྤྱི་ཚེས་23ཉིན། སྤྱི་ཚེས25ཉིན་བཅས་ཀྱི་གནམ་གྲུའི་སྤ་སེ་སྔོན་མངགས་བྱེད་ཚད་ཀྱང་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་ལྔ་ཙམ་འཕར་ཡོད།

20201219858078950_副本.jpg

གནས་ཚུལ་དེའི་ཐད་དྲྭ་གྲོགས་ཚོས་དེ་ནི་དྲྭ་གྲགས་ཀྱི་ནུས་པ་འདོན་ཐབས་ཡག་ཤོས་རེད་ཟེར་བཞིན་ཚང་མས་བསྟན་འཛིན་ལ་བསྟོད་བསྔགས་མང་པོ་བཏང་བ་དང་། ཕྱིན་ཆད་བསྟན་འཛིན་གྱིས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་དྲང་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུའི་རེ་བ་བཅངས་ཡོད་པ་རེད།

20201211595195672_副本.jpg

20201211049197413_副本.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།