འཛམ་ཐང་རྫོང་བུག་རྗེ་སྡེ་བས་ནགས་ཚལ་དང་རྩྭ་ཐང་གི་བབ་བསྟུན་མེ་དགྲ་སྔོན་འགོག་བྱེད་ཚུལ་འཁྲབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། འཛམ་ཐང་རྫོང་བུག་རྗེ་སྡེ་བས་ནགས་ཚལ་དང་རྩྭ་ཐང་གི་བབ་བསྟུན་མེ་དགྲ་སྔོན་འགོག་བྱེད་ཚུལ་འཁྲབ་སྦྱོང་བྱས་ཏེ། མི་གྲངས220ལྷག་འཁྲབ་སྦྱོང་དུ་ཞུགས།

འཁྲབ་སྦྱོང་བྱེད་སྐབས། མེ་གསོད་རུ་ཁག་གིས་མེ་གསོད་ཡོ་ཆས་དང་མེ་གསོད་འདྲུད་ཕྱགས་སོགས་མེ་གསོད་ཡོ་བྱད་སྤྱད་དེ་མྱུར་ཞིང་གོ་རིམ་ལྡན་པའི་སྒོ་ནས་མེ་གསོད་མི་སྐྱོབ་ཀྱི་བྱ་བ་འཁྲབ་སྦྱོང་བྱས་པ་མ་ཟད། བདེ་འཇགས་ངང་མེ་གསོད་ས་ཁུལ་ནས་ཕྱིར་ལོག་པ་དང་། མེ་རོ་གཙང་བཤེར་བྱེད་པ། མེ་སྐྱོན་བྱུང་སའི་ཡུལ་དངོས་ལ་ལྟ་སྲུང་བྱེད་པ་སོགས་ཀྱང་འཁྲབ་སྦྱོང་བྱས།

ཐེངས་འདིའི་འཁྲབ་སྦྱོང་དེ། མེ་སྐྱོན་ཁ་པར་འབྱོར་མ་ཐག་མེ་གསོད་དཔུང་ཁག་བསྡུ་རུབ་བྱས་ཏེ། མེ་གསོད་པ་དང་མེ་བསད་རྗེས་མེ་གསོད་རུ་ཁག་ཕྱིར་ལོག་པ་བཅས་ཀྱི་བརྒྱུད་རིམ་གོ་རིམ་ལྡན་པའི་ངང་འཁྲབ་སྦྱོང་བྱས་པ་བརྒྱུད། བུག་རྗེ་སྡེ་བའི་དམངས་དམག་མཁོ་བསྟུན་ཡན་ལག་རུ་ཁག་དང་ཡུལ་ཚོའི་མཁོ་བསྟུན་ཡན་ལག་རུ་ཁག་གིས་མེ་གསོད་པའི་བརྒྱུད་རིམ་ལ་སྔར་བས་རྒྱུས་ལོན་དང་། མི་གཞི་རྩར་འཛིན་པ་དང་ཚན་རིག་དང་མཐུན་པའི་མེ་གསོད་བྱ་ཐབས་ཁོང་དུ་ཆུད་པར་བྱས་པ་མ་ཟད། མེ་སྐྱོན་བྱུང་སྐབས་ཉེན་སྐྱོབ་གནོད་སེལ་གྱི་ལས་དོན་ཁག་མྱུར་ཞིང་། གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་པར་འགན་ལེན་བྱས།

འཁྲབ་སྦྱོང་མཇུག་སྒྲིལ་རྗེས། སྡེ་བའི་ལས་དོན་མི་སྣས་ཡུལ་དངོས་ནས་མེ་གསོད་ཡོ་བྱད་སྣ་ཚོགས་ཀྱི་བཀོལ་སྤྱོད་བྱེད་ཚུལ་འགྲེལ་བཤད་བྱས་པ་དང་། འཁྲབ་སྦྱོང་དུ་ཞུགས་མཁན་ཚོས་མེ་གསོད་ཡོ་བྱད་སོགས་བཀོལ་སྤྱོད་བྱེད་ཚུལ་ལ་སློབ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།