ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། རྔ་བ་ཁུལ་ཨུས་རྒྱུན་ལས་(རྒྱས་འཛོམས)གྲོས་ཚོགས་བསྡུས་ཤིང་། ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་བོད་འབྲེལ་ལས་དོན་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་དང་། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་དེ་ལས་དོན་མཐའ་དག་གི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩི་བ། དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུར་གཅིག་ཏུ་སྒྲིལ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མགོ་རྩོམ་ས་དང་དོན་ལ་འབབ་སར་བརྩིས་ཏེ། སྤྱོད་སྟངས་ཐད་བྱེད་ཐབས་ཡང་དག་སྤྱོད་པ་དང་། དངོས་བསྒྲུབ་ཐད་བྱས་རྗེས་ངོ་མ་འཇོག་པ། དོན་འཁྱོལ་ཐད་ཕན་འབྲས་ངོ་མ་ཐོན་པ་བཅས་བྱས་ནས། རྔ་བ་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་བསྟན།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་གཙོ་དབྱང་ཁེ་ཉིང་། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཡུན་ལུང་། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཝེ་གོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་དོན་གནད་ལ་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་བོད་འབྲེལ་ལས་དོན་སྐོར་གྱི་བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་རྔ་བ་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ལ་བློ་བརྟན་འགྱུར་མེད་ངང་དམ་འཛིན་ལེགས་པོ་བྱེད་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་སྦྲེལ་བ་དང་། ལོ་ལྔ་ཚན་བཅུ་གསུམ་པ་དང་འབྲེལ་ནས་ལོ་ལྔ་ཚན་བཅུ་བཞི་བའི་ལས་དོན་ཇུས་འགོད་ཀྱིས། ཀྲུང་དབྱང་དང་ཞིང་ཨུའི་འཐབ་ཇུས་བཀོད་སྒྲིག་དེ་རྔ་བར་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ནན་གྱིས་འཛིན་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཆང་རྒྱུ་གཙོ་གནད་དུ་འཛིན་པ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཆང་བ། སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་སྣེ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བྱེད་པ། ཏང་གིས་བོད་འབྲེལ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས་པར་བསྟན།
ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་མི་དམངས་འཐུས་མིའི་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཁུལ་རིམ་པའི་སྡེ་ཁག(ལས་ཁུངས)གི་འགན་ཁུར་བློ་མཐུན་གཙོ་བོ་རྣམས་ཚོགས་འདུར་ཞུགས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་ཨུས་རྒྱུན་ལས་ཚོགས་འདུ་བསྡུས།