དཀར་མཛེས་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་བཟོ་དང་ཁྲོན་བོད་ལྕགས་ལམ(དཀར་མཛེས་ཁུལ་ཁོངས་ཀྱི་ལམ་བུ)ལམ་རྒྱུད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་འཆར་འགོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར་རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་བཟོ་དང་ཁྲོན་བོད་ལྕགས་ལམ(དཀར་མཛེས་ཁུལ་ཁོངས་ཀྱི་ལམ་བུ)ལམ་རྒྱུད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་འཆར་འགོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁུལ་དུ་བརྟག་ཞིབ་བྱེད་པར་ཡོང་མཁན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བློ་འདྲི་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཆེད་རམས་པ་ཚོའི་བསམ་འཆར་དང་གྲོས་མགོ་གཙོ་གནད་ཐོག་ཉན་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐང་ལི་མིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུར་གཙོ་འགན་བཞེས་པ་རེད།

ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཧོ་ཅན་དང་། ཞེ་ཁའེ་ཧྭ། ཉི་ཧྲི་ཅུན། ཏིང་རེན་ཀྲུང་། ཏའེ་པིན་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པེའོ། ཁུལ་ཨུའི་རྒྱུན་ཨུ་དར་མདོ་གྲོང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་ཚོགས་འདུར་ཕེབས་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བློ་འདྲི་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། རིགས་གཅིག་མཁས་ཅན་ཚོས་རང་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་གཏང་རྒྱུའི་ཐད་ལ་བློ་རིག་དང་ནུས་ཤུགས་འདོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆེད་རམས་པ་རྣམས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་དག་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་རྩ་གནད་ནང་བསྡུ་ལེན་གང་ལེགས་བྱས་ཏེ་མིག་རྒྱང་རིང་པོའི་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པ་བཟོ་འགོད་ཡག་པོ་བྱ་དགོས་ཞེས་གསུངས། ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། ཞིང་ཆེན་ཡོངས་ཀྱི“གནད་གཅིག་ཕྱོགས་མང་། ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི”འཕེལ་རྒྱས་འཐབ་ཇུས་ནང་བསྲེས་འདྲེས་གང་ཐུབ་བྱས་ནས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞིར་བཟུང་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱེད་པ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱེད་པ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོ་བསྒྲུབས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་།

ཐང་ལི་མིན་གྱིས་དཀར་མཛེས་ཁུལ་ལ་ཉེ་བའི་ལོ་ཤས་རིང་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ནན་གསུང་གནང་དོན།“ལོ་ལྔའི་འཆར་གཞི་བཅུ་བཞི་པ”བཟོ་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་ཤིང་། གཅིག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་ཐོག་གི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་འབྲེལ་མཐུད་ཧུར་ཐག་བྱ་དགོས་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱས་པའི་ལེགས་འགྲུབ་ཉམས་མྱོང་ནན་ཏན་སྒོས་ཕྱོགས་བསྡོམས་བྱ་དགོས། གཉིས་ནས་མིག་རྒྱང་རིང་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཏན་ཏིག་གཏོང་ཞིང་། མི་རིགས་ཀྱི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གསུམ་པ་འཕེལ་རྒྱས་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ལ་ཤུགས་བརྒྱག་དགོས། གསུམ་ནས་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ། ཁྲོན་བོད་ལྕགས་ལམ་ས་ཚུགས་ཀྱི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་བྱས་ནས་ལས་གཞིའི་གྲ་སྒྲིག་ལས་ཀ་ཡག་པོར་བསྒྲུབ་དགོས།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།