སྡེ་དགེ་ཨ་ཕྱུག་ཏུ་གེ་སར་རིག་མཛོད་དཔེ་ཀློག་ཁང་གསར་དུ་བཙུགས་པ།

      202010156683101277.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   2020ལོའི་ཟླ་བ10པའི་ཚེས5ཉིན‘ སྡེ་དགེ་ཨ་ཕྱུག་བཀྲ་ཤིས་གེ་སར་གླིང་དུ་གེ་སར་རིག་མཛོད་དཔེ་ཀློག་ཁང་གི་སྒོ་འབྱེད་ཀྱི་མཛད་སྒོ་སྤེལ། སྡེ་དགེ་ཨ་ཕྱུག་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང་། ཁམས་པའི་རིག་གནས་དང་གླིང་སྒྲུང་གི་ཕ་ས་ཕ་ཡུལ་ཡང་ཡིན་པས་ད་སྐབས་ས་གནས་དེར་དཔེ་ཀློག་གི་ཁོར་ཡུག་མེད་པ་སོགས་ལ་བརྟེན་ནས།  དེ་ཕྱོགས་ཀྱི་ན་གཞོན་སློབ་གཉེར་པ་གང་མང་ཞིག་གི་རེ་བ་ལྟར་བཀྲ་ཤིས་མགོན་པོ་རིན་པོ་ཆེ་དང་སྲི་ཐར་རྡོ་རྗེ་གཉིས་ཀྱི་རོགས་སྐྱོར་འོག་དཔེ་ཀློག་ཁང་གསར་དུ་བསྐྲུན་ཐུབ་པ་བྱུང་བ་དང་། ལྷག་པར་དུ་གེ་སར་རིག་མཛོད་དཔེ་ཀློག་ཁང་གི་ཁོར་ཡུག་དང་། ཁང་པ། དཔེ་ཆ། དཔེ་ཀློག་ཁང་གི་ཕྱི་ནང་གི་འགྲོ་སོང་ཆ་ཚང་བཀྲ་ཤིས་མགོན་པོ་རིན་པོ་ཆེས་ཕུད་པ་རེད།

གེ་སར་རིག་མཛོད་དཔེ་ཀློག་ཁང་གི་དུས་རྒྱུན་ཁྲིམས་མཐུན་ལུགས་མཐུན་གྱི་དཔེ་རྟགས་ཚད་ལྡན་ཅན་གྱི་དཔེ་ཆ་བསྡུ་རྒྱུ་དང་། ཀློག་པ་པོ་ཡོངས་ལ་དཔེ་ཆ་མཚམས་སྦྱོར། དཔེ་ཀློག་ཁང་བདག་གཉེར་སོགས་ཀྱི་འགན་ཆ་ཚང་ནི་སྲི་ཐར་རྡོ་རྗེ་ཞེས་པའི་ན་གཞོན་ཞིག་གིས་མ་སྐུལ་དང་བླངས་ངང་ཁུར་བཞིན་ཡོད་པ་རེད།

གེ་སར་རིག་མཛོད་དཔེ་ཀློག་ཁང་འདིའི་ཁ་ཕྱོགས་ནི་ས་གནས་དེ་གའི་ན་གཞོན་དང་། སློབ་གྲྭ་བ་དང་བཤད་གྲྭ་བ་སོགས་སློབ་གཉེར་པ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་ཆགས་ཨེ་ཐུབ་བལྟ་རྒྱུ་དང་། དཔེ་ཀློག་ཁང་འདི་ནས་ཀློག་པ་པོ་རྣམས་ལ་ཤེས་རིག་ཡར་རྒྱས་དང་སློབ་སྦྱོང་གོང་འཕེལ་རེ་ཡོང་ཨེ་ཐུབ་བལྟ་རྒྱུའི་གོམ་པ་དང་པོ་དེ་སྤོ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།