ཧུང་ཡོན་རྫོང་གིས་གོ་རིམ་ལྡན་པའི་ངང་རྨེ་བ་འབྲི་གཡག་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས13ཉིན། གསར་འགོད་པས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བར། མིག་སྔར་ཧུང་ཡོན་རྫོང་རྨེ་བ་འབྲི་གཡག་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། སྔོན་དཔག་བྱས་ན་གླིང་ཁུལ་དུ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི17300དང་ཁེ་སྤོགས་སྒོར་ཁྲི2950འཕར་ངེས་ཡིན་པས། མ་འོངས་པར་འབྲོག་པར་ཡོང་འབབ་སྒོར་ཁྲི1010ཡོད་པར་ཐད་ཀར་སྐུལ་ཁྲིད་དང་། འབྲོག་པའི་ཡོང་འབབ་སྒོར་ཁྲི1500ལ་འཕར་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཧུང་ཡོན་རྫོང་ནི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཞིང་ཆེན་ཡོངས་ཀྱི་དེང་རབས་རྩྭ་ཐང་འབྲོག་ལས་ཚོད་ལྟའི་དཔེ་སྟོན་རྫོང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་ཁག་གཉིས་པ་བཅས་ཡིན་ལ་རྔ་བ་ཁུལ་གྱི་འབྲོག་ལས་རྐྱང་པའི་རྫོང་ཁོ་ན་ཡང་ཡིན། རྫོང་ཡོངས་སུ་བེད་སྤྱོད་ཆོག་པའི་རྩྭ་ར་མུའུ་ཁྲི1121ཡོད་ཅིང་། དེའི་ཁྲོད་དུ90%ནི་རྨེ་བ་འབྲི་གཡག་“རང་བྱུང་ཕྱུགས་འཚོ་སྐྱོང་+གཟན་ཆས”ཀྱི་རྒྱུ་ཆ་ཐོན་སྐྱེད་བྱ་ཡུལ་ཡིན་པ་དང་། འཚོ་སྐྱོང་བྱེད་བཞིན་པའི་འབྲི་གཡག་ཁྲི45ལྷག་ཙམ་ཡོད་པས་གཙོ་ཁྲིད་ཐོན་ལས་འབུར་དུ་ཐོན་ཡོད། རྫོང་འདིིས་རྨེ་བ་འབྲི་གཡག་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། མུའུ་ཁྲི་ཡི་གསོ་ཚགས་རྟེན་གཞི100དང་། སོན་བཟང་འདེམས་གསོ་ར་བ3།  ཐོན་རྫས་ལས་སྣོན་འཁོར་རྒྱུག་ཁུལ1བཅས་འཆར་འགོད་བྱས་ནས་གཞི་ཁྱོན་ལྡན་པའི་ཁེ་ལས9དང་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས5ནང་འདྲེན་བྱས་ཤིང་། རྨེ་བ་འབྲི་གཡག་ཐོན་རྫས40གསར་སྤེལ་བྱས་ཡོད། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་རྣམ་གྲངས17རེ་ཞུ་བྱས་པ་དང་འབྲོག་པའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ1འཆར་འགོད་དང་། རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ3གསར་བསྐྲུན། ཉམས་ལེན་རྣམ་པའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང56འཕེལ་རྒྱས་བཏང་ནས་མ་ལག་ཚང་བའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་ནས། “གཏིང་ཟབ་སྒོས་རྩྭ་ཐང་གི་འབྲོག་པའི་སྐྱས་སྤོའི་འཚོ་བ་ཉམས་ལེན་”ལྟེ་བར་བྱས་པའི་ཞིང་ལས་བརྗོད་དོན་གཙོ་བོའི་སྤྱི་གླིང་བསྐྲུན་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་གླིང་ཁུལ་གྱི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ནུས་མང་ལྡན་པའི་དེང་རབས་ནུས་ཆེའི་ཞིང་ལས་ཐོན་ལས་མ་ལག་ཅིག་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།