ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས11ཉིན། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི《དོམ་ཁྲའི་ཐང་ག་ཆེན་མོ》ཞེས་པའི་འགྲེམས་སྟོན་ཐེངས་དང་པོའི་མཛད་སྒོའི་སྟེང་། ཧྲང་ཧའེ་སློབ་ཆེན་གྱིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། ཕྱོགས་གཉིས་པོས་ཚན་རྩལ་མཉམ་ལས་དང་ལག་རྩལ་རྒྱབ་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་དང་བརྗེ་རེས། གྲུབ་འབྲས་གཞན་སྒྱུར་བཅས་བྱེད་པར་བརྟེན། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནི་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་ས་ཁུལ་གལ་ཆེན་ཞིག་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མཛེས་ཤིང་ལྟ་ན་སྡུག་པ་དང་སྣ་མང་མཉམ་འདྲེས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། རིག་གནས་ཤུལ་བཞག་གི་ཁུལ་ཆེན་པོའི་གྲས་སུ་གཏོགས། ཧྲང་ཧའེ་སློབ་ཆེན་ནི་རྒྱལ་ཁབ་ཀྱི“211ལས་གཞིའི་རྣམ་གྲངས་”གཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན། རིག་ཚན་ཆ་ཚང་ཞིང་སྟོབས་ཤུགས་ཆེ་བས་ལོ་མང་རིང་རིག་གནས་དང་ཡུལ་སྐོར་པུའུ་ཡི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་ཞིབ་འཇུག་ཟབ་སྦྱོང་དང་གསོ་སྦྱོང་ནང་ཞུགས་ནས། སྲོལ་རྒྱུན་རིག་གནས་གསར་གཏོད་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་ཕུལ་ཡོད། ད་ཐེངས་ཀྱི་མཉམ་ལས་དེ“ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཉམ་ལས་གཏིང་ཟབ། གཉིས་ཕན་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྩ་དོན་གཞིར་བཟུང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རྩལ་གསར་གཏོད། རིག་གནས་ཞིབ་འཇུག ཕྱི་ཕྱོགས་དང་རིག་གནས་སྤེལ་རེས། རིག་གནས་ཁྱབ་སྤེལ་སོགས་ཐད་ཀྱི་ཧྲང་ཧའེ་སློབ་ཆེན་གྱི་བཟང་ཆ་འདོན་སྤེལ་བྱས་ཏེ། རང་ཁུལ་གྱི་རིག་གནས་ཐོན་ཁུངས་དང་རིག་གནས་ཡུལ་སྐོར་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་དང་། ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་རྣམ་པ་གྲུབ་པར་འབད་བརྩོན་བྱས་ནས་ཡུན་རིང་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་རྒྱུ་རེད།
ངོ་སྤྲོད་བྱས་པ་ལྟར་ན། མཉམ་ལས་ཀྱི་ནང་དོན་གཅིག་ནི་རྔ་བ་རྫོང་ཁྲ་ལི་ཤང་ལྷ་འཛོམས་གྲོང་ཚོར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རང་སའི་རིག་གནས་ཀྱི་ནང་དོན་དང་ཁྱད་ཆོས་ལྡན་པའི“ས་མཐོའི་མཛེས་རྩལ་ཁང་”འཛུགས་སྐྲུན་བྱས་ནས་ས་ཁོངས་ཀྱི་རིག་གནས་གསར་བརྗེ་ལ་སྐུལ་ཁྲིད་བྱེད་པར་དམིགས་པ་རེད། དེ་མིན་ད་རུང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཀྱི་ནང་དོན་ལ་ད་དུང་གཅིག་གཏད་གཅིག་དང་མང་གཏད་གཅིག་གི་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་ཡང་ཚུད་ཡོད་ལ། དཔེ་སྟོན་སྣེ་ཁྲིད་དང་། ཇུས་འགོད་ཞིབ་སྤེལ། ལེགས་བཅོས་བཟོ་སྐྲུན། སྤུས་རྟགས་གསོ་སྐྱོང་བཅས་བྱས་ནས་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཧྲང་ཧའེ་སློབ་ཆེན་གྱིས་རྔ་བ་ཁུལ་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་པ།