དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་མྱུར་བགྲོད་ལམ་དུ་བསྐྱོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས23ཉིན། སེར་ཤུལ་རྫོང་ཁྲོ་ཤུལ་གོང་མ་ཡུལ་ཤོག་གི་ལྟེ་བའི་སློབ་གྲྭའི་བརྙན་མང་གཟུགས་བྱེད་སྒོའི་སློབ་ཁང་ནང་ལོ10ལ་སོན་པའི་བཅོ་ལྔ་ལྷ་མོས་སློབ་མ་ཚོ་དང་མཉམ་དུ“གྲོང་སྡེའི་དྲྭ་ཚོགས་སློབ་ཁང”གི་དྲ་བའི་ཐོག་གི་སློབ་ཁྲིད་མ་ལག་བརྒྱུད་ནས་སྤྲོ་སྣང་ལྡན་པའི་ས་འབྱར་ལག་ཤེས་སློབ་ཚན་ཞིག་འཚོག་སྐབས་ཁོས་ལག་ནང་གི་ལྗང་འོད་འཕྲོས་པའི་ས་འབྱར་ལ་བལྟས་ནས་ཧང་སངས་ཆེན་པོ་དང་སྤྲོ་སྐྱིད་སྐྱེད་བཞིན་ཡོད་པ་རེད། བཅོ་ལྔ་ལྷ་མོའི་གཏམ་རྒྱུད་ནི་རང་ཁུལ་གྱི་རིག་ནུས་སློབ་གསོ་འཕེལ་རྒྱས་གཏོང་བའི་བསྡུས་རིས་ཙམ་རེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རྒྱལ་ཁབ་ཀྱི“ཤར་གཏོང་གསུམ་དང་སྟེགས་བུ་གཉིས”སོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་གཞིར་བཟུང་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར4བཏང་ནས“གཅིག་གཉིས་གསུམ་”གྱི་དཀར་མཛེས་ཁུལ་གྱི་རིག་ནུས་སློབ་གསོའི་སྒྲོམ་གཞི་ཏན་ཏིག་བསྐྲུན་པར་མ་ཟད། ད་དུང“མཐོ་རིམ་སློབ་འབྲིང་གི་ཐད་གཏོང་རྣམ་པ་དང་། དམའ་རིམ་སློབ་འབྲིང་གི་ཕབ་གཏོང་རྣམ་པ། སློབ་ཆུང་གི་ནང་འཇུག་རྣམ་པ། བྱིས་པ་ཁང་གི་ལྟ་སྦྱོང་རྣམ་པ”དང་ཡུལ་དེ་གའི་དམའ་རིམ་སློབ་འབྲིང་གི་ཐད་གཏོང་སློབ་ཁྲིད་བྱེད་སྟངས་བཅས་སྤྱད་དེ་རང་ཁུལ་གྱི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་དཀོན་པའི་དཀའ་གནད་བསལ་ནས་“བསྡུ་སྒྲིལ་སྤྱི་འདོམས་ཐོག་རིམ་པ་ཁག་གིས་ཤུགས་བརྒྱབ་པ”ཞེས་པའི་དཀར་མཛེས་ཁུལ་གྱི་རིག་ནུས་སློབ་གསོའི་ཉམས་མྱོང་ཆགས་ཡོད། ད་ཆ་ཁུལ་ཡོངས་ཀྱི་སློབ་གྲྭར་དྲ་བ་ཁེབས་ཚད་བརྒྱ་ཆ91.74ལ་ཟིན་པ་དང་མང་འཕྲིན་སློབ་ཁྲིད་འཛིན་གྲྭ་ཡོངས་ལ་ཁེབས་ཡོད། རྒྱང་བསྟེན་དྲྭ་རྒྱའི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་སྤྱོད་ཚད་བརྒྱ་ཆ96.3ལ་ཟིན་ཡོད། དགེ་སློབ་ཀྱི་དྲྭ་རྒྱའི་སློབ་སྦྱོང་གི་བར་ཁོངས་སུ་ཐོ་འགོད་མི་གྲངས13000ལྷག་ཙམ་ཟིན་ཡོད་པ་རེད། སྤུས་ལེགས་སློབ་གསོའི་ཐོན་ཁུངས་དེར་དྲྭ་སྦྲེལ་གྱི“གཤོག་པ”བཏགས་པ་ནས་བཟུང་རང་ཁུལ་གྱི་སློབ་ཁྲིད་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད།

དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྟོབས་ཀྱི་ལ་རོགས་སྐྱོར་བྱ་དགོས། ཁྱིམ་ཚང་དབུལ་པོའི་ཕྲུ་གུར་སློབ་གསོ་ཡག་པོ་མྱོང་དུ་འཇུག་རྒྱུ་ནི་མི་རབས་ནས་མི་རབས་བར་དབུལ་པོར་འགྱུར་རྒྱུར་བཀག་འགོག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། 2015ལོ་ནས་བཟུང་། རང་ཁུལ་གྱི་ཁུལ་ནང་གི་གནས་ཚུལ་ལ་གཞིགས་པ་དང་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་ཞུགས་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་སློབ་གསོའི་ཁྱབ་རྒྱ་ཆེ་བ་དང་གཞི་རྩའི་འགན་ལེན་གྱི་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོའི་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་རེད། ཟ་སྡོད་འགན་ལེན་དང་སློབ་གསོ་འགན་ལེན་བཅས་འགན་ལེན་གསུམ་གྱི་གྲོན་དངུལ་རིམ་པ་བགོས་ནས་འགན་འཁུར་བའི་ལམ་སྲོལ་དང་དེ་བཞིན་ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་སྐྱོར་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཁུལ་ཡོངས་ཀྱི་མི་དམངས་ལ“ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཆེ་བའི་སློབ་མ་གཅིག་ཀྱང་སློབ་མཚམས་མི་འཇོག་པ་”ཞེས་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་པ་དེ་དངོས་སུ་གྲུབ་ཡོད། ཞིང་འབྲོག་གི་བུ་ཕྲུག་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་པ་རེད། རང་ཁུལ་གྱི་སློབ་གསོའི་བྱ་གཞག་དེ་ལོ70ཡི་རྒྱུན་མཐུད་འཕེལ་རྒྱས་གཏོང་རིང་། རྗེས་ལུས་དང་དཀོན་པ་ནས་གཞི་རྩའི་ཐོག་དོ་སྙོམས་ངང་འཕེལ་རྒྱས་བར་མཆོང་སྐྱོད་བྱུང་ཡོད་ལ། གཞི་ཁྱོན་རྒྱ་སྐྱེད་གཏོང་བ་ནས་ནང་དོན་དང་སྤུས་ཚད་མཐོ་རུ་གཏོང་བའི་བར་ཡང་འཕོ་འགྱུར་ཆེན་པོ་བྱུང་ཡོད། “སློབ་གྲྭར་ཞུགས་དཀའ་བ”ནས“སློབ་གྲྭ་ཡག་པོར་འགྲོ་བ”བར་གྱི་མཆོང་བརྒལ་སྔར་བས་ཐུབ་ཡོད། 2019ལོར་ཁུལ་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ99.78ལ་ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ98.78ལ་ཟིན་ཡོད་ཅིང་། འོས་འགན་སློབ་གསོའི་དུས་མཚམས་རང་བཞིན་གྱི་སློབ་ཞུགས་བརྟན་པོར་ཡོང་ཚད་བརྒྱ་ཆ95ཡན་ཟིན་པ་རེད། ད་ལྟར་ཁུལ་ཡོངས་སུ་ཆེས་མཛེས་སྡུག་ལྡན་པའི་ཁང་པ་ནི་སློབ་གྲྭའི་ཁང་པ་ཡིན་པ་དང་ཆེས་མཛེས་སྡུག་ལྡན་པའི་ཁོར་ཡུག་ནི་སློབ་གྲྭའི་ཁོར་ཡུག་ཡིན་ལ། ཆེས་དགའ་སྤྲོ་ཆེ་བའི་ཚོགས་སྤྱི་ནི་སློབ་མ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།