ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་ཆུ་བེད་ཐིན་གྱིས་ཁྲིན་ཏུའུ་རུ་རྨ་ཆུ་བཞུར་ཁུལ་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱ་བའི་ཚོགས་འདུ་བསྡུས་ནས། སི་ཁྲོན་ཞིང་ཆེན་གྱི་རྨ་ཆུ་བཞུར་ཁུལ་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྒྲིག་ལས་དོན་དངོས་སུ་འགོ་ཚུགས་པ་རེད།
ཉེ་ཆར་རྨ་ཆུ་ཆུ་བེད་ཨུ་ལྷན་གྱིས་རྨ་ཆུ་བཞུར་ཁུལ་གྱི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དང་རྔ་བ་ཁུལ་ཟུང་ཆུ་རྫོང་། རྔ་བ་རྫོང་། མཛོད་དགེ་རྫོང་། ཁྱུང་མཆུ་རྫོང་བཅས་ཁྱོན་ཁུལ2དང་རྫོང5ཐེངས་འདིའི་ཆེད་དོན་བཅོས་སྒྲིག་ནང་ཚུད་ཡོད། སི་ཁྲོན་ཞིང་ཆེན་གྱི་རྨ་ཆུ་བཞུར་ཁུལ་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་ལ་ས་ཆུ་སྲུང་འཛིན་གྱི་ལས་དོན་དོན་འཁྱོལ་བྱས་པ་མངོན་གསལ་དོད་པོས་རྗེས་སུ་ལུས་ཡོད་དེ། ཞིབ་བཤེར་རྩིས་ལེན་བྱས་མེད་པ་དང་། ཆོག་མཆན་མ་ཐོབ་པར་སྔོན་ལ་དོར་བ། ཆོག་མཆན་མ་ཐོབ་པར་སྔོན་ལ་འགྱུར་ལྡོག་གཏོང་བ། ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་བྱས་མེད་པ། ས་ཆུ་སྲུང་འཛིན་གྱི་སྐྱིན་གསབ་དངུལ་སྤྲད་མེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གནས་ཡོད་པ་རེད།
ཞིང་ཆེན་ཆུ་བེད་ཐིན་ས་ཆུ་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཆེད་དོན་བཅོས་སྒྲིག་ལས་དོན་དེ་ཕྱི་ལོའི་ཟླ9པའི་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་བཀོད་སྒྲིག་འགོ་འཛུགས་པ་དང་། གསེད་དཀྲོལ་གྲལ་བཤེར། གཅིག་སྡུད་བཅོས་སྒྲིག “ཕྱིར་མིག་ལྟ་བ་”བཅས་དུས་མཚམས་བཞི་ལ་དབྱེ་ཡོད། རྣམ་གྲངས་ལེགས་སྒྲིག་དང་། ལྟ་སྐུལ་ཞིབ་བཤེར། རྒྱང་ཚོར་ལྟ་སྐུལ་དོ་དམ། གཙོ་གནད་ཞིབ་དཔྱད་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད། རྨ་ཆུ་བཞུར་ཁུལ་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་སྣ་ཚོགས་ཀྱི་ས་ཆུ་སྲུང་འཛིན་གནས་ཚུལ་ཁྱོན་ཡོངས་ནས་གསལ་རྟོགས་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྨ་ཆུ་བཞུར་ཁུལ་གྱི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཚུགས་པ།