ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐེངས36པ་ཚོགས་ནས། ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་གསོའི་ལས་དོན་པ། ཕུལ་བྱུང་སློབ་གྲྭའི་(གླིང་)སློབ་གཙོ་སོགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་ཕུལ་པའི་སྔོན་ཐོན་དཔེ་ལེགས་མཁན170ལ་གཟེངས་བསྟོད་བྱས་པ་རེད།
ཚོགས་འདུའི་སྟེང་ཕུལ་བྱུང་དགེ་རྒན་དང་ལས་བཟོ་བ170ལ་གཟེངས་བསྟོད་བྱས་ཏེ། ཕུལ་བྱུང་སློབ་གྲྭའི་སློབ་གཙོ་དང་སྔོན་ཐོན་སློབ་གསོའི་ལས་དོན་པའི་འཐུས་མི། ཕུལ་བྱུང་སློབ་སྟོན་ཀྲུའུ་རེན་གྱི་འཐུས་མི། ཕུལ་བྱུང་འཛིན་བདག་གི་འཐུས་མི། ཕུལ་བྱུང་དགེ་རྒན་གྱི་འཐུས་མི། ཕུལ་བྱུང་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣའི་འཐུས་མི་བཅས་ལ་དཔང་ཡིག་སྤྲད་པ་རེད།
ཕུལ་བྱུང་དགེ་རྒན་གྱི་འཐུས་མི་ཧོང་ཅན་ཧྥིན་གྱིས་བསམ་བློ་བརྗེ་རེས་བྱེད་སྐབས་གཏམ་བརྗོད་སྤེལ་དོན། “དགེ་རྒན་གྱི་བྱ་བ་བསྒྲུབ་ནས་ལོ་ངོ27འགོར་བའི་ང་དགེ་རྒན་གྱི་ལས་རིགས་འདིར་དགའ་ཞེན་ཆེ་ཞིང་། ནན་ཏན་གྱིས་བྱ་བའི་འགན་འཁུར་རྒྱུ་ནི་རང་ཉིད་ཀྱི་བསྲུང་བྱའི་གདམས་ངག་ཏུ་བརྩིས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་ཡིན་ཟེར། ཕུལ་བྱུང་སློབ་གཙོའི་འཐུས་མི་ཝང་ཡོན་ཡོན་གྱིས་བཤད་རྒྱུར། མི་རྣམས་ཀྱིས་ང་ཚོ་ལ་སྤྲོ་སེམས་འཁོལ་བའི་བརྩི་འཇོག་དང་། ངོས་ཛིན། ཐུགས་འཁུར་བཅས་གནང་བས། ང་ཚོས་དགེ་རྒན་དུས་ཆེན་ནི་འགོ་རྩོམ་ས་གསར་བ་ཞིག་ཏུ་བརྩི་བཞིན་ཡོད་ཟེར།
དཀར་མཛེས་རྫོང་སློབ་གསོ་ལུས་རྩལ་ཅུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱེད་རྒྱུར། ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་ལ་ཟམ་མ་ཆད་པར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་བ་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་སློབ་གསོ་འཕེལ་རྒྱས་སུ་བཏང་བས། རྫོང་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སློབ་གྲྭར་ཞུགས་དཀའ་བ་དང་སློབ་རིམ་འཕར་དཀའ་བ། སློབ་གཉེར་ཆུ་ཚད་དམའ་བ། སྤུས་ཚད་ཞན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རིམ་བཞིན་ཆ་སྙོམས་ཀྱི་འོས་འགན་སློབ་གསོ་ལག་བསྟར། སློབ་ལོ་མ་རན་པའི་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་གི་སློབ་གསོ། ལས་རིགས་ལག་རྩལ་སློབ་གསོ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སློབ་གསོའི་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཆུ་ཚད་སྔར་ལས་མཐོ་བའི་སློབ་གསོ་ཁྱབ་གདལ་ཡོང་བ་བྱས་ནས། དམངས་ཡོངས་ལ་ཕན་པའི་འདྲ་མཉམ་གྱི་སློབ་གསོའི་མ་ལག་ཆགས་ཡོད་པས། 2020ལོར་རྫོང་ཡོངས་ཀྱི་འབྲིང་རྒྱུགས་སློབ་མ་བསྡུ་ཚད་94%ཟིན་པ་དང་མཐོ་རྒྱུགས་སློབ་མ་བསྡུ་ཚད་97%ཟིན་ཡོད་པར་བརྗོད།
ཤེས་རྟོགས་བྱུང་བ་ལྟར་ན། རྫོང་འདིས་མ་དངུལ་སྒོར་དུང་ཕྱུར1.1བཏང་ནས། ཡུལ་མཐའ་འཁོབ་འབྲོག་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བཙུགས་ནས་སློབ་མ1700ལྷག་ཙམ་ལ་གཅིག་སྡུད་ཀྱིས་སློབ་སྦྱོང་བྱེད་དུ་བཅུག་པ་དང་། མ་དངུལ་སྒོར་ཁྲི1411.5བཏང་ནས་ཤང་གྲོང་གི་བུ་བཅོལ་ཁང11བསྐྲུན་ཞིང་། མ་དངུལ་སྒོར་ཁྲི1219.75བཏང་ནས་སློབ་ཆུང7གྱི་ཕྱོགས་བསྡུས་ཁང་པ་དང་དགེ་སློབ་ཀྱི་ལས་ཤག་འཛུགས་སྐྲུན་བྱས་པ་མ་ཟད། མ་དངུལ་སྒོར་ཁྲི1065བཏང་ནས་མི་རིགས་སློབ་འབྲིང་གི་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་དང་། དཀར་མཛེས་རྫོང་གི་ཚད་ལྡན་རྐང་རྩེད་སྤོ་ལོའི་ཐང་སོགས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། མ་དངུལ་སྒོར་ཁྲི665བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་ཉམས་གསོ་དང་སྲུང་སྐྱོང་བྱས་པ་རེད། ད་ལོར་སྒོར་དུང་ཕྱུར1.9བཏང་ནས་སློབ་འབྲིང་གཉིས་པར་འཛུགས་སྐྲུན་བྱེད་འགོ་རྩོམ་འཆར་ཡོད་པས། འཛུགས་སྐྲུན་སྔོན་དཔག་བྱས་ན་སློབ་མ2000ལྷག་ཙམ་ཤོང་ཐུབ་ངེས་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
དགེ་རྒན་དུས་ཆེན་ལ་དཀར་མཛེས་རྫོང་གིས་ཕུལ་བྱུང་སློབ་གསོའི་ལས་དོན་པ170ལ་གཟེངས་བསྟོད་བྱས་པ།