དཀར་མཛེས་ཁུལ་གྱིས་དབུལ་ཐར་ཕྱུག་བསྒྱུར་བྱས་ནས་འབྱོར་འབྲིང་ལམ་དུ་སྐྱོད་པའི་གནས་ཚུལ་རགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་ཕྱོགས་བཞིར་རི་བོས་བསྐོར་ཞིང་གཙང་ཆུ་ལང་ལོང་དུ་རྒྱུག་བཞིན་མཆིས། སྔོན་མ་རྒྱལ་ཡོངས་ཀྱི་ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་གྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དཔེ་མཚོན་ཞིག་དང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ14ཡི་གྲས་ནང་ཡོད་པ་རེད། ད་ལོའི་སྤྱི་ཟླ2པར་དཀར་མཛེས་ཁུལ་གྱི་ས་ཁོངས་ཚང་མ་དབུལ་ཐར་བྱུང་བ་དང་།ཁུལ་ཡོངས་ཀྱི་རྫོང་དབུལ་པོ18(གྲོང་ཁྱེར)ཚང་མ་དབུལ་ཞྭ་ཕུད་ཅིང་། གྲོང་སྡེ1360ཡི་མི་འབོར་དབུལ་པོ་ཁྲི22.3ཙམ་དབུལ་ཐར་བྱུང་ཐུབ་ཡོད་པ་རེད། མཐོ་སྒང་གི་ཁྱད་ཆོས་སྐྱེ་དངོས་གླིང་ཁུལ་བསྐྲུན་ནས་ཉེ་སྐོར་གྱི་ངལ་རྩོལ་མི་ལག་སྐུལ་སློང་ཐུབ་པར་མ་ཟད། ལྷག་པར་དུ་དུད་ཚང་དབུལ་པོའི་མང་ཚོགས800ལྷག་ཙམ་ལས་ཞུགས་བྱས་ནས་ཡོང་འབབ་ཁྱོན་བསྡོམས་སྒོར་ཁྲི660ལ་ཟིན་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར250ལ་ཟིན་པ་རེད།

དཀར་མཛེས་རྫོང་གི་གྲོང་སྡེ་དབུལ་པོ129ཡི་དུད་ཚང་དབུལ་པོ3308ཀྱི་མི་འབོར་དབུལ་པོ15373བཅས་གེ་སར་མཁར་རྫོང་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད། གེ་སར་གྱི་དཔའ་བོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་མཁར་རྫོང་ལས་རྫོང་ཡོངས་ཀྱི་གྲོང་སྡེ་དབུལ་པོར་ཐད་ཀར་ཡོང་འབབ་སྒོར་ཁྲི1100བྱུང་སྟེ་དཀར་མཛེས་རྫོང་གི་དབུལ་ཐར་འགག་སྒྲོལ་ལ་འདེགས་སྐྱོར་བྱེད་པའི་ཐོན་ལས་ཀྱི་གྲོང་པ་ཞིག་ཏུ་གྱུར་ཡོད་པ་རེད།

ཤམ་བྷ་ལའི་བླ་སྲོག་ཅེས་མཚན་སྙན་ཡོད་པའི་ཉི་སྟེན་མཛེས་ལྗོངས་ཁུལ་ནི་སྙན་གྲགས་ཡུལ་གྲུ་ཀུན་ཏུ་ཁྱབ་དང་ཁྱབ་བཞིན་ཡོད་པ་རེད།སྔོན་ཆད་ཉི་སྟེན་གྲོང་སྡེ་ནི“མནའ་མར་འགྲོ་དགོས་བྱུང་ཡང་། ཉི་སྟེན་བར་མནའ་མ་མི་འགྲོ”ཞེས་སྡུག་པོའི་གྲས་སུ་ཡོད་པའི་ས་ཆ་སྐྱོ་པོ་ཞིག་ཡིན་པ་རེད། དེའི་སྐབས་སུ་ཉི་སྟེན་གྱི་གྲོང་མི་རྣམས་ཀྱི་ཕྱུགས་ཟོག་གསོ་ཚགས་དང་སྨན་རྩྭ་བཏུས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཁོར་ཡུག་ལ་གཏོར་བཤིག་ཕོག་པར་མ་ཟད། ཡོང་སྒོའང་བརྟན་པོ་མེད་པ་རེད།

བསམ་ཕྱོགས་བསྒྱུར་ནས་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་ཆབས་ཅིག མཛེས་པའི་རི་ལུང་ཁྲོད་དུ་གནས་པའི་ཉི་སྟེན་གྱི་གྲོང་མི་ཚོས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་དབུལ་པོ་ལས་ཐར་བའི་བློ་ཐག་བཅད། རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་ཀྱི་ཐོན་ཁུངས་སྤྱད་དེ་འདབ་པ་རྫོང་གིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་མགོ་ཚུགས་པ་དང་། གྲོང་མི་ཚོ་ཡང་མཛེས་ལྗོངས་ཁུལ་གྱི་དོ་དམ་དང་ཡུལ་སྐོར་ཞབས་ཞུར་ཧུར་ཐག་ཞུགས་པས། འཚོ་བར་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བ་རེད།

དབུལ་ཐར་བྱུང་རྗེས་ཀྱི་འཚོ་བའི་སྐོར་བཤད་སྐབས། བསོད་ནམས་མཚོ་མོས་དགའ་ཚོར་ཆེན་པོས་ད་ཆ་མཛེས་ལྗོངས་ཀྱི་ཐོབ་ཆ་བགོ་བ་དང་འགྲུལ་ཁང་གཉེར་བ། དྲེལ་པའི་རུ་ཁག་ལ་ཞུགས་པ་སོགས་ཀྱི་ཡོང་འབབ་བསྣན་ན་ལོ་རེར་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི40ཙམ་ཡོང་གི་འདུག་ཅེས་བཤད་པ་རེད། དབུལ་ཐར་བྱུང་རྗེས་ཀྱི་བསོད་ནམས་དབང་མོའི་མིག་རྒྱང་རིང་དུ་ཕྱིན་ནས་ཤེས་བྱ་དང་རིག་གནས་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག ཕྲུ་གུ་ཚོ་ང་དང་འདྲ་བར་རིག་གནས་མེད་པའི་སྡུག་པོ་མྱོང་དུ་འཇུག་གི་མིན་ཞེས་བཤད་བྱུང་། ད་ཆ་མོའི་ཚ་བོ་གཉིས་ཁྲེང་ཏུའུ་ལ་སློབ་ཆེན་འགྲིམ་བཞིན་ཡོད་པ་རེད།

དཀར་མཛེས་ནི་འདབ་པའི་ཉི་སྟེན་གྲོང་སྡེ་དང་འདྲ་བར་ཡུལ་ལྗོངས་ལྷག་པར་མཛེས་པའི་ས་ཆ་ཞིག་རེད།

རྟའུ་རྫོང་ཁམས་པའི་མཐོ་སྒང་གི་སྐྱེ་དངོས་གླིང་ཁུལ་དུ་སྐྱོད་སྐབས་དེ་གར་ཚང་ཚིང་གི་ནགས་ཚལ་དང་། ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན། རྣམ་པར་བཀྲ་བའི་མེ་ཏོག་བཅས་ཀྱིས་བརྒྱན་ནས་འདུག་ཅིང་། མཐོ་སྒང་གི་ཁྱད་ཆོས་སྐྱེ་དངོས་གླིང་ཁུལ་བསྐྲུན་ནས་ཉེ་སྐོར་གྱི་ངལ་རྩོལ་མི་ལག་སྐུལ་སློང་ཐུབ་པ་མ་ཟད། ལྷག་པར་དུ་དུད་ཚང་དབུལ་པོའི་མང་ཚོགས800ལྷག་ཙམ་ལས་ཞུགས་ཐུབ་ནས་ཡོང་འབབ་ཁྱོན་བསྡོམས་སྒོར་ཁྲི660བྱུང་བ་དང་།མི་རེའི་ཆ་སྙོམས་ཡོང་འབབ་སྒོར8250ལ་ཟིན་པ་རེད།

ཁྲོན་བོད་གཞུང་ལམ་ཐོག་གི་བོད་སྐྱོད་རྒྱལ་སྒོ་ཞེས་འབོད་པའི་དར་རྩེ་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ཆུ་གཉིས་པ་གྲོང་སྡེའི་ནང་སྐྱོད་སྐབས། དེ་གའི་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་འགུགས་ཤིང་། དབུལ་ཐར་བྱུང་རྗེས་ཆུ་གཉིས་པ་གྲོང་སྡེའི་གྲོང་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར11980ལ་ཟིན་པ་རེད། སྔོ་ཤིང་དྭངས་བའི་རི་ཀླུང་ནི་མཐོ་སྒང་གི་བུ་ཕྲུག་དབུལ་ཐར་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་གསེར་རི་དངུལ་རིར་གྱུར་དང་འགྱུར་བཞིན་ཡོད་པ་རེད། གཡའ་དག་པའི་དགུང་ཨ་སྔོན་འོག་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཉལ་ཁང་དེ་བས་བཀྲག་མདངས་འཚེར། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་སློབ་ཆུང་སློབ་མ300ལྷག་ཙམ་གྱིས་ཐང་ཆེན་དུ་དཀར་མཛེས་རྡོག་བྲོ་འཁྲབ་བཞིན་འདུག

འབྲོག་ཁུལ་གྱི་སློབ་གསོ་ཡག་པོ་གཉེར་རྒྱུ་ནི་སློབ་གསོར་བརྟེན་ནས་དབུལ་པོ་བུ་རབས་ཚ་རྒྱུད་མི་ཡོང་བ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། ལི་ཐང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཞའོ་ཧུང་གིས་ངོ་སྤྲོད་བྱས་དོན། འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལི་ཐང་རྫོང་གིས་རྫོང་གི་གྲོང་ཁུལ་དུ་གཅིག་སྡུད་ཆེན་པོ་དང་། ཡུག་ཁུལ་དུ་གཅིག་སྡུད་ཆུང་ངུ་བྱེད་པ། གྲོང་གསེབ་ཏུ་རྨང་གཞི་འདིང་བ་བཅས་ཀྱི་སློབ་གཉེར་བྱེད་ཐབས་འཚོལ་ཞིབ་བྱས་པར་བརྒྱུད།“6+3”“3+3”གྱི་སློབ་གཉེར་རྣམ་པ་ཞིག་གྲུབ་པར་མ་ཟད། བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་དོ་སྙོམས་འཕེལ་རྒྱས་ཀྱི་སློབ་གསོའི་མ་ལག་བཙུགས་ཡོད། རྒན་སྒྲོལ་མ་ལགས་ཀྱིས་གནས་སའི་ཆ་ཚང་སློབ་ཆུང་བཞི་པས“3+3”གྱི་བྱེད་ཐབས་གཞིར་བཟུང་། རྫོང་ཡོངས་ཀྱི་ཡུལ་གྲོང19ཡི་ལོ་རིམ་བཞི་པ་ནས་དྲུག་པ་བར་གྱི་སློབ་མ་དང་གནས་སྤོས་དུད་ཚང་གི་སློབ་ལོར་སོན་པའི་བུ་ཕྲུག་བསྡུས་ཡོད་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

རྒན་སྒྲོལ་མ་ལགས་ཀྱིས་ཐག་རིང་འབྲོག་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་རྡོ་རྗེ་མགོན་པོའི་ཕ་མའི་འགན་འཁུར་ཏེ། ཁོ་ལ་འཚོ་བའི་གོམས་གཤིས་བཟང་པོ་བསླབ་ཀྱིན་ཡོད་པ་རེད། སློབ་ཁྲིད་ཞིབ་ཚགས་བྱས་མཐར་རྒྱ་ཡིག་སྒྲ་སྦྱོར་གྱི་ཡི་གེ་ཙམ་ཡང་མི་ཤེས་པ་ནས་རྒྱ་ཡིག་ཡག་པོ་ཤེས་པར་མ་ཟད། སྦྱོང་ཚན་ཡང་ཡག་པོ་འབྲི་མཁན་གྱི་སློབ་མ་ཞིག་ཏུ་འགྱུར་བ་དང་སྦྱངས་འབྲས་ཀྱང་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ་མཐོང་སྐབས་རྒན་སྒྲོལ་མ་ལགས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་པ་རེད།

2017ལོར་ཐང་གའི་ཆོལ་ཁ་ཞེས་མཚན་སྙན་ལྡན་པའི་བྲག་མགོ་རྫོང་གིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལས་རིགས་སློབ་གསོའི་བྲག་མགོའི་དངོས་སྦྱོང་རྟེན་གཞི་བཙུགས་ནས་ཐང་ག་འབྲི་རྩལ་དང་མི་རིགས་ཀྱི་གྱོན་ཆས་འཚེམ་བཟོ་སོགས་ཆེད་ལས་རྩལ་ནུས་འཛིན་གྲྭ་གཉེར་ཞིང་། སློབ་མའི་འགྲོ་གྲོན་སོ་སོ་ཆག་ཡང་བཏང་བར་མ་ཟད། སློབ་གྲྭ་ནས་སློབ་བཐར་ཕྱིན་རྗེས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་ལག་ཁྱེར་སྤྲད་པ་དང་སློབ་མཐར་ཕྱིན་པའི་སློབ་མར་ལས་ཞུགས་ལས་གནས་ཀྱང་མཁོ་འདོན་བྱེད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།ཞིང་པའི་ཁྱིམ་ཚང་ག་བུ་རྒྱུད་ཡིན་པའི་རྟ་མགྲིན་རྒྱལ་པོ་ནི་ཐང་ག་འབྲི་རྩལ་འཛིན་གྲྭའི་ཚན་པ་དང་པོའི་སློབ་མ་ཡིན་ཞིང་། ཁོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོས་འདི་གར་ཤེས་བྱ་དང་རྩལ་ནུས་སྦྱོང་ཐུབ་ལ། ད་དུང་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་རོགས་ཀྱང་བྱེད་ཐུབ་ཅེས་དགའ་ཚོར་ཆེན་པོའི་ངང་ནས་དེ་ལྟར་བཤད་པ་རེད།

མཁའ་དབྱིངས་ཀྱི་གྲོང་ཁྱེར་ནས་ཐང་གའི་ཕ་ཡུལ་བར་སློབ་གསོའི་མེ་ཏོག་གངས་ཅན་མཐོ་སྒང་བཞད་དེ་ཕུགས་འདུན་ཡིད་ལ་བཅངས་པའི་སློབ་མར་སློབ་སྦྱོང་གི་སྟེགས་བུ་བསྐྲུན་པ་དང་། ཁམས་ཀྱི་ས་གཞི་ཆེན་པོར་དབུལ་པོ་མི་ཐོན་པའི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ས་རུབ་ནས་གང་སར་གློག་སྒྲོན་གྱིས་བརྒྱན་པའི་དུས་སུ་གངས་རིའི་གཤམ་གྱི་གེ་སར་མཁར་རྫོང་དུ་སྔར་བཞིན་ཉིན་མོ་ལྟར་འཁྲུག་ཆ་དོད་པོ་ཡོད། གྲུབ་ཐོབ་མཚོ་འགྲམ་ནས་ཡུལ་སྐོར་བའི་དགོད་སྒྲ་ལྷང་ལྷང་དུ་གྲགས་བཞིན་མཆིས། དཀར་མཛེས་རྫོང་གེ་སར་མཁར་རྫོང་གི་མཛེས་ལྗོངས་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་ལས་སྒྲུབ་པ་ལི་ཡན་ཉིན་གཅིག་གི་ལས་ཀ་ཚར་རྗེས་རྔུལ་ཆུ་འཕྱུད་བཞིན་དུ་གདོང་ནས་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར།མཛེས་ལྗོངས་ཁུལ་དུ་ལས་ཀར་མ་ཡོང་གོང་། ལི་ཡན་ནི་བྱེ་གསེར་ཡུལ་ཤོག་དགོན་ཞབས་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཡིན་ཞིང་།བཅའ་སྡོད་བྱས་ནས་ལོ་གཉིས་རིང་ལི་ཡན་དང་གྲོང་མི་ཚོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། དགོན་ཞབས་གྲོང་སྡེ་ལ་སྒོ་རྩིས་ཚོང་ཁང་བཙུགས། དྲ་ཐོག་ཏུ་སྐྱེ་ཁམས་ཤ་མོ་བཙོངས་ནས་གྲོང་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཏེ་དགོན་ཞབས་གྲོང་སྡེའི་ཉམས་འགྱུར་ལེགས་སུ་ཕྱིན་པ་མཚོན་བཞིན་འདུག

དཀར་མཛེས་རྫོང་ནི་གེ་སར་རིག་གནས་ཡུལ་སྐོར་གྱི་ལྟེ་གནས་ཁུལ་དུ་གནས་པ་དང་མངའ་ཁོངས་སུ་གེ་སར་རིག་གནས་རྗེས་ཤུལ120ལྷག་ཙམ་ཡོད། ཇི་ལྟར་བྱས་ཏེ་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་མི་སེར་ཚོ་དབུལ་ཐར་ཕྱུག་འགྱུར་ཐུབ་པ་བྱེད་དམ།

2017ལོའི་སྤྱི་ཟླ6པར་དཀར་མཛེས་རྫོང་གིས་མ་དངུལ་སྒོར་དུང་ཕྱུར6.3བཏང་ནས་གྲོང་སྡེ་དབུལ་པོའི་ཐུན་མོང་དཔལ་འབྱོར་གྱི་ལས་གཞི་གེ་སར་མཁར་རྫོང་སྐྲུན་མགོ་བཙུགས་ནས2019ལོའི་སྤྱི་ཟླ9པར་དངོས་སུ་གཉེར་སྐྱོང་བྱེད་མགོ་ཚུགས་པ་རེད།

མིག་སྔར་དགོན་ཞབས་གྲོང་སྡེས་གེ་སར་མཁར་རྫོང་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་སྒོར་ཁྲི7ལྷག་ཙམ་བགོ་འགྲེམས་བྱས་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1400འཕར་སྣོན་བྱུང་ཡོད།དགོན་ཞབས་གྲོང་སྡེ་ཕུད་ཁ། དཀར་མཛེས་རྫོང་གི་གྲོང་སྡེ་དབུལ་པོ129ཡི་དུད་ཚང་དབུལ་པོ3308 ཀྱི་མི་འབོར་དབུལ་པོ15373བཅས་གེ་སར་མཁར་རྫོང་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད། གེ་སར་གྱི་དཔའ་བོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་མཁར་རྫོང་ལས་རྫོང་ཡོངས་ཀྱི་གྲོང་སྡེ་དབུལ་པོར་ཐད་ཀར་ཡོང་འབབ་སྒོར་ཁྲི1100བྱུང་སྟེ་དཀར་མཛེས་རྫོང་གི་དབུལ་ཐར་འགག་སྒྲོལ་ལ་འདེགས་སྐྱོར་བྱེད་པའི་ཐོན་ལས་མཁར་རྫོང་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།