བཙན་ལྷ་རྫོང་ཟུར་ཡུལ་ཚོ་གདུང་མ་གྲོང་སྡེའི་དབུལ་ཐར་གྱི་གནས་ཚུལ་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བཙན་ལྷ་རྫོང་ཟུར་ཡུལ་ཚོ་གདུང་མ་གྲོང་སྡེར་བསྐྱོད་སྐབས། ཁྱིམ་ཚང་རེ་རེའི་སྒོ་ཁར་གཞུང་ལམ་ཤར་གཏོང་ཐུབ་ཡོད་ཅིང་། ཐང་ཆེན་གྱི་ལུས་སྦྱོང་ཡོ་བྱད་ཆ་ཚང་བ་དང་། ཁྱད་ལྡན་གྱི་བོད་བཟོའི་སྡོད་ཁང་གྲལ་འགྲིག་པ། ལྗོངས་རྒྱུ་བ་འགའ་རེས་པར་རྒྱག་བཞིན་ཡོད་པས།ཟུར་ཡུལ་ཚོ་གདུང་མ་གྲོང་སྡེར་མཛེས་སྡུག་དང་བདེ་སྐྱིད་ཀྱི་རྣམ་པས་ཁེངས་འདུག

མིག་མདུན་གྱི་གྲོང་སྡེ་གསར་བ་འདི་ནི་སྔོན་ཆད་ཡིག་ཚགས་སུ་བཀོད་ཅིང་བྱང་བུ་བཟོས་པའི་གྲོང་སྡེ་དབུལ་བོ་ཞིག་རེད། གདུང་མ་གྲོང་སྡེ་རི་སྐེད་དུ་ཆགས་ཡོད་ཅིང་། ས་རྒྱུ་ཞན་པས་ལོ་ཏོག་གི་ཐོན་ཚད་ཧ་ཅང་དམའ། གྲོང་སྡེའི་འགྲོ་ལམ་གཅིག་པུ་ནི་རྡོ་ལམ་ཞིག་ཡིན་པས་ཁངས་ཆེན་པོ་བབས་རྗེས་འགྲོ་འོང་ལ་དཀའ་ཁག་ཧ་ཅང་ཆེ། གདུང་མ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཅིན་ཧྭ་ཡིས། གློག་མེད་པ་དང་འཐུང་ཆུ་དཀོན་པ། འགྲོ་འོང་དཀའ་བ། སྨན་པ་བསྟེན་དཀའ་བ་བཅས་ནི་གྲོང་སྡེ་འཕེལ་རྒྱས་འགྲོ་བའི་བཀག་རྒྱ་རུ་གྱུར་ཅིང་། ད་སྐབས་གནད་དོན་དེ་དག་བསལ་བས་སྡེ་མི་ཚོའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་འདུག་ཅེས་བཤད།

དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། གདུང་མ་གྲོང་སྡེས་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ཏེ་སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་དང་ཁོངས་ཡོངས་ལྗོངས་སྐོར་གཉིས་འབྲེལ་ནས་སྐྱེ་ཁམས་ལྗོངས་སྐོར་འཕེལ་རྒྱས་སུ་བཏང་བ་དང་། སྔོན་ཆད་ཀྱི་དབུལ་ཕོངས་གྲོང་སྡེ་ད་ལྟའི་ལྗོངས་སྐོར་གྲོང་སྡེ་རུ་གྱུར་ནས་མང་ཚོགས་ཀྱི་འཚོ་བ་བཟང་བོར་གྱུར་ཡོད།

2015ལོར། གདུང་མ་གྲོང་སྡེ་ནི་སི་ཁྲོན་ཞིང་ཆེན་གྱིས་ཁག་གཉིས་པའི་གདོད་མའི་གྲོང་སྡེ་ཞེས་པའི་མིང་གཞུང་དུ་བཅུག་པ་དང་། 2017ལོར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཁག་གཉིས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་ཞེས་པའི་མིང་བཏགས་པ་དང་། སི་ཁྲོན་ཞིང་ཆེན་གྱིས་ཁག་གསུམ་པའི་གདོད་མའི་གྲོང་སྡེ་ཞེས་པའི་མིང་གཞུང་དུ་བཅུག་པ་རེད།

གདུང་མ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཅིན་ཧྭ་ཡིས། ད་ལོར་ཏོག་གསར་གློ་ཚད་ཀྱི་རྐྱེན་གྱིས་ལྗོངས་རྒྱུ་བ་མང་བོ་མེད་མོད། འོན་ཀྱང་མེ་ཏོག་སྣ་ཚོགས་བཞད་པའི་དུས་སུ། གཟའ་མཇུག་ཏུ་གྲོང་སྡེར་སྔར་བཞིན་སྤྲོ་སྣང་གི་རྣམ་པས་ཁེངས་པ་དང་། ཁུལ་ཕྱི་ནང་གི་ལྗོངས་རྒྱུ་བ་དང་ས་གནས་ཀྱི་མང་ཚོགས་གདུང་མ་གྲོང་སྡེར་ཐོན་ནས་མཛེས་ལྗོངས་ལ་ལྟ་སྐོར་དང་། སྟག་མའི་མེ་ཏོག་པར་དུ་ལེན་པ། ཁྱད་ལྡན་གྱི་ཟས་རིགས་ལོངས་སུ་སྤྱོད་བཞིན་ཡོད་ཅེས་བཤད།

གྲོང་གསེབ་ལྗོངས་སྐོར་དར་བ་དང་ཆབས་ཅིག གདུང་མ་གྲོང་སྡེས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་སྐྱེ་ཁམས་སྔོ་ཚལ་བཏབ་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་། གདུང་མ་གྲོང་སྡེའི་སྡེ་མི་ཞུས་ཧྥུ་ཀྲེན་གྱིས། ན་ནིང་ངེད་ཚང་གིས་རྗེན་ཚལ་ས་མུའུ་2བཏབ་པ་དང་། ཡོང་འབབ་སྒོར་13000ཡོད་པས། ཡོང་འབབ་སྲོལ་རྒྱུན་གྱི་ལོ་ཏོག་ལས་མཐོ་ཞེས་བཤད།

ཞུས་ཧྥུ་ཀྲེན་ནི་གདུང་མ་གྲོང་སྡེའི་ཡིག་ཚགས་སུ་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ཞིག་ཡིན་ཞིང་། སྨན་བཅོས་རོགས་སྐྱོབ་དང་ཐོན་ལས་དབུལ་སྐྱོར་སོགས་དབུལ་བྲལ་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་རྗེས། 2015ལོར་ཞུས་ཧྥུ་ཀྲེན་ཚང་བདེ་བླག་ངང་དབུལ་ཕོངས་ལས་ཐར་བ་དང་། མིག་སྔར་རྗེན་ཚལ་བཏབ་ནས་ཡོང་འབབ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ད་ལོར་ངེད་ཚང་གིས་རྗེན་ཚལ་འདེབས་པའི་རྒྱ་ཁྱོན་ཇེ་ཆེར་བཏང་ཡོད་ཅེས་བཤད་བྱུང་། དེ་ལས་ཞུས་ཧྥུ་ཀྲེན་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་ཚོར་ཐུབ།

དབུལ་བྲལ་གནད་སྒྲོལ་གྱི་འགག་རྩ་ནི་ཡུལ་བབ་དང་བསྟུན་པ་དང་། གྲོང་སྡེར་དམིགས་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུར་རག་ལས་ཡོད། གདུང་མ་གྲོང་སྡེས་སྔོ་ཁེབས་ཀྱི་ཐོན་ཁུངས་བཟང་བོ་དང་ས་མུའུ་10000ལྷག་གི་རང་བྱུང་གི་སྟག་མའི་མེ་ཏོག་དང་། སེང་རྩེད་རིག་གནས། སྲོལ་རྒྱུན་གྱི་སྐོར་བྲོ་རིག་གནས། གྲོང་གསེབ་ལྗོངས་སྐོར་བཅས་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མང་ཚོགས་ཀྱི་འཚོ་བ་དེ་བས་ཀྱང་ཇེ་སྐྱིད་རེད།

 སྟག་མའི་མེ་ཏོག་རྣམ་པར་བཀྲ་བ།

མིག་སྔར། གདུང་མ་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་ཤིང་གྲོང་གསེབ་ལྗོངས་སྐོར་གྱི་འཕེལ་ཕྱོགས་བཟང་བ་དང་། གདུང་མ་གྲོང་སྡེས་རིག་གནས་འཛིན་སྐྱོང་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་བཏང་། 2019ལོར། ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཅིན་རྫོང་མི་དམངས་དྲག་དཔུང་པུའུ་ཡིས་མ་དངུལ་སྒོར་ཁྲི་30དང་། བཙན་ལྷ་རྫོང་མི་དམངས་དྲག་དཔུང་པུའུ་ཡིས་མ་དངུལ་སྒོར་ཁྲི་10། བཙན་ལྷ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་མ་དངུལ་སྒོར་ཁྲི་2། ཁེ་ལས་ཁ་ཤས་ཀྱིས་མ་དངུལ་སྒོར་ཁྲི་5བཅས་བཏང་སྟེ་གྲོང་སྡེའི་རིག་གནས་ཁྱམས་ར་བསྐྲུན་པ་དང་། གྲོང་སྡེའི་ཕུན་སུམ་ཚོགས་པའི་རྒྱལ་རོང་རིག་གནས་མཚོན་པར་བྱས་ཏེ་གདུང་མ་གྲོང་སྡེའི་རིག་གནས་ཀྱི་ནང་དོན་ཇེ་ཟབ་ཏུ་བཏང་།

གྲོང་གསེབ་ལྗོངས་སྐོར་འཕེལ་རྒྱས་སུ་གཏོང་སྐབས། གདུང་མ་གྲོང་སྡེས་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་སྦྲེལ་བའི་བྱེད་ཐབས་སྤྱད་ཏེ་ལྗོངས་སྐོར་མཉམ་ལས་ཁང་ཞིག་བཙུགས་པ་དང་། མཉམ་ལས་ཁང་གིས་མཉམ་ལས་གཉེར་སྐྱོང་དང་། ཚད་ལྡན་འཁོར་སྐྱོད། ཡོང་འབབ་སྡོམ་རྩིས། མ་དངུལ་གསོག་འཇོག ལས་མང་ཐོབ་མང་བཅས་ཀྱི་བགོ་བཤའི་རྣམ་པ་ལྟར་འཁོར་སྐྱོད་བྱས། གདུང་མ་གྲོང་སྡེའི་སྡེ་མི་དབྱང་ཀྲི་པིན་གྱིས་ལྗོངས་སྐོར་མཉམ་ལས་ཁང་དུ་ཞུགས་རྗེས་ན་ནིང་ངེད་ཚང་ལ་སྒོར་ཁྲི་4ལྷག་བགོས་ཡོད་ཅེས་བཤད།

གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་ཆེད། གདུང་མ་གྲོང་སྡེས་ས་མུའུ་4ཡི་སྨན་རྫས་ཀྱི་རྟེན་གཞི་དང་ས་མུའུ་6གི་རྗེན་ཚལ་རྟེན་གཞི་བསྐྲུན་ཞིང་། ད་ལྟའི་ཁྲོམ་རའི་རིན་གོང་ལྟར་བརྩིས་ན་ད་ལོར་རྗེན་ཚལ་གྱི་ཡོང་འབབ་སྒོར་ཁྲི་2ལྷག་ཡོད་པ་དང་། སང་ལོར་སྨན་རྫས་ཀྱི་ཡོང་འབབ་སྒོར་ཁྲི་5ལྷག་ཡོད་ངེས།

མིག་སྔར། གདུང་མ་གྲོང་སྡེའི་སྡེ་མི་ཚོར་སྐྱེ་ཁམས་ལྗོངས་སྐོར་ལས་རིགས་ཀྱི་ཕན་འབྲས་ཐོབ་པས། ཕྱུག་འགྱུར་དང་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་ཡོད་དོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།