མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་མཐའ་བ་གྲོང་སྡེའི་སྡེ་མི་བཀྲ་ཤིས་འཚོ་ཡི་དབུལ་བྲལ་གྱི་གཏམ་རྒྱུད།

 བཀྲ་ཤིས་འཚོ་དང་ཁོང་ཚང་གི་ལུག་ཁྱུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བྱ་མི་ཁོམ་ཚང་གི་དོན། །མི་མི་ཁོམ་འཁོར་བའི་དོན། །ཞེས་པའི་དཔེ་ལྟར་ཞོགས་པའི་ཉི་ཟེར་འཛིན་མའི་པང་དུ་འཕྲོས་པ་ན་བཀྲ་ཤིས་འཚོ་ནི་ཉིན་རྒྱུན་ལྟར་རང་ཉིད་ཀྱི་འཁོར་བའི་ལས་སུ་ཞུགས་སོང་།

བཀྲ་ཤིས་འཚོས་འཚེམ་བཟོ་བྱེད་བཞིན་པ།

གསར་འགོད་པ་བཀྲ་ཤིས་འཚོ་ཚང་དུ་བསྐྱོད་སྐབས། བཀྲ་ཤིས་འཚོ་ཚང་གི་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་དག་གྲལ་དག་པོ་ཡོད་པ་མཐོང་། བཀྲ་ཤིས་འཚོ་ཚང་ནི་2014ལོར་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་དུ་གཏན་འཁེལ་བྱས་རྗེས། བཀྲ་ཤིས་འཚོ་ཚང་གི་སྨན་བཅོས་དང་། སློབ་གསོ། ཐོན་ལས་སོགས་ལ་སྲིད་ཇུས་ཀྱི་རོགས་སྐྱོར་ཐོབ་པས། ད་སྐབས་མོ་ཚང་གི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

བཀྲ་ཤིས་འཚོ་ཚང་ལ་བཟའ་མི་གསུམ་ཡོད་ཅིང་། མོ་ལ་བུ་གཅིག་དང་བུ་མོ་གཅིག་ཡོད། བུ་ཕྲུག་གཉིས་ད་སྐབས་སློབ་གྲྭར་འགྲིམ་བཞིན་ཡོད་ལ། བཀྲ་ཤིས་འཚོ་ཚང་གི་རྩྭ་ས་ཆུང་ཞིང་སྒོ་ཟོག་གཅིག་ཀྱང་མེད་པ་དང་། ངལ་རྩོལ་ནུས་ཤུགས་མི་འདང་ཞིང་ཐོན་ལས་སྣ་གཅིག་ཡིན་པས་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན།

2015ལོར། བཀྲ་ཤིས་འཚོ་ཚང་གི་དཀའ་ངལ་ལ་དམིགས་ནས། ཏང་ཨུ་དང་སྲིད་གཞུང་གིས་རྩྭ་ཐང་བདག་སྐྱོང་བའི་ལས་གནས་སུ་བཀོད་སྒྲིག་བྱས་ཤིང་། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ཡོད། བཀྲ་ཤིས་འཚོ་ཡིས་སྔོན་ཆད་ཞོར་ལས་གཉེར་ཡོད་མོད། འོན་ཀྱང་བུ་ཕྲུག་གཉིས་ལ་བདག་སྐྱོང་བྱ་དགོས་པས་རྒྱུན་དུ་ཞོར་ལས་གཉེར་མི་ཐུབ། སྲིད་གཞུང་གིས་ང་ལ་ལས་གནས་ཤིག་བཀོད་སྒྲིག་བྱས་པ་དང་གཏན་འཇགས་ཀྱི་ཡོང་འབབ་ཡོད་པས་ངེད་ཚང་གི་འཚོ་བ་ཉིན་བཞིན་ཇེ་བཟང་དུ་སོང་བ་དང་ཆབས་ཅིག སྲིད་གཞུང་གིས་ངེད་ཚང་གི་དཀའ་ངལ་ལ་དམིགས་ཏེ་དབུལ་སྐྱོར་འཆར་གཞི་བཟོས་པ་དང་། ངེད་ཚང་ལ་ལུག་24ཉོས་ནས་ཕྱུགས་ལས་འཕེལ་རྒྱས་གཏང་རོགས་བྱས་ལ། ད་སྐབས་ངེད་ཚང་ལ་ལུག་36ཡོད་ཅེས་བཤད།

བཀྲ་ཤིས་འཚོ་ཚང་གི་བུ་ཕྲུག་གཉིས་ལ་རྒྱལ་ཁབ་ཀྱི་སློབ་གསོ་རོགས་སྐྱོར་མ་དངུལ་གནང་། ད་སྐབས་བུ་ཚ་སི་ཁྲོན་གློག་ཤུགས་ལག་རྩལ་སློབ་གྲྭ་ནས་སློབ་སྦྱོང་བྱེད་བཞིན་ཡོད་ལ་སྦྱངས་འབྲས་ཀྱང་བཟང་། བུ་མོ་ལྷ་མོ་སློབ་འབྲིང་དུ་འགྲིམ་བཞིན་ཡོད་ལ་སྦྱངས་འབྲས་བཟང་། འདི་ནི་བཀྲ་ཤིས་འཚོ་ལ་མཚོན་ན་ཆེས་དགའ་འོས་པའི་དོན་དག་ཅིག་རེད།

བཀྲ་ཤིས་འཚོ་ཚང་2015ལོ་ནས་བཟུང་དབུལ་ཕོངས་ལས་ཐར། མཛོད་དགེ་རྫོང་གིས་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྤེལ་བའི་ཁྲོད་མོ་ཚང་གི་སྡོད་ཁང་ལ་ཞིག་གསོ་བྱས་མེད་པ་ཤེས་རྗེས། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་གྲོང་རྡལ་ཏང་ཨུ་ལ་རེ་ཞུ་བྱས་ནས་ཡུལ་དངོས་སུ་བརྟག་ཞིབ་བྱས་ཏེ། 2018ལོའི་བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་སྐྲུན་གྱི་རྣམ་གྲངས་སུ་བཅུག་པ་དང་། བཀྲ་ཤིས་འཚོ་ཡིས་ལས་གྲྭའི་རྣམ་གྲངས་ཀྱི་གསབ་དངུལ་སྒོར་ཁྲི་3དང་རང་གྲབས་མ་དངུལ་སྒོར་ཁྲི་1བེད་སྤྱད་དེ་སྨི་གྲུ་བཞི་མ་30ཟིན་པའི་སྡོད་ཁང་དང་སྨི་གྲུ་བཞི་མ་10ཟིན་པའི་དྲོད་ཁང་གསར་སྐྲུན་བྱས་ལ། ད་སྐབས་བཀྲ་ཤིས་འཚོ་ཚང་གི་སྡོད་ཁང་གསར་བ་རྒྱ་ཆེ་ཞིང་དཀར་གསལ་ལྡན་ལ་དྲོ་སྐྱིད་ཀྱིས་ཁེངས་འདུག འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ཆེད། 2018ལོའི་ཟླ་10བར། རྩྭ་ཐང་གི་བདག་སྐྱོང་བ་བྱེད་པ་དང་ཆབས་ཅིག་ཇ་ཁང་ཆུང་ཆུང་ཞིག་གཉེར་བ་དང་། ཡོང་འབབ་མི་ཉུང་བ་ཞིག་བླངས་ཡོད། ད་ལོའི་ཟླ་6པར་གསར་འགོད་པ་ཡང་བསྐྱར་བཀྲ་ཤིས་འཚོ་ཚང་དུ་སོང་བ་དང་། མོའི་ཇ་ཁང་གཉེར་གྱིན་མེད། ད་ལོའི་ལོ་སྟོད་དུ་གྲོགས་མོ་དང་མཉམ་དུ་མ་དངུལ་སྒོར་ཁྲི་6བཏང་སྟེ་གྱོན་ཆས་འཚེམ་བཟོ་ཁང་ཞིག་ཕྱེས། ད་སྐབས་འཚེམ་བཟོ་ཁང་གི་ཕན་འབྲས་ཧ་ཅང་བཟང་།

བཞག་ལྡོམ་གྲོང་རྡལ་ཧྲུའུ་ཅི་དང་པོ་ཆོས་དབྱངས་མཚོ་ཡིས། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱིས་རོགས་སྐྱོར་དང་མོ་རང་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བཀྲ་ཤིས་འཚོ་ཚང་གི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། གྱོན་ཆས་འཚེམ་བཟོ་ཁང་གི་ཕན་འབྲས་ཀྱང་ཧ་ཅང་བཟང་ཞེས་བཤད།

མིག་སྔར། བཀྲ་ཤིས་འཚོ་ཡི་འཚོ་བ་སྟབས་བདེ་ཞིང་བྲེལ་འཚུབ་ཆེ་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་རང་གི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་དཀའ་ངལ་ལས་ཐར་བ་དང་། བཀྲ་ཤིས་འཚོ་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ལ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་སེམས་ཐག་བཅད་ཡོད་དོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།