སྡེ་དགེ་རྫོང་ལ“ཀྲུང་གོའི་བོད་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ཡུལ”ཞེས་མིང་ཐོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ7པའི་ཚེས6ཉིན་གསར་འགོད་པས་སྡེ་དགེ་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་དཀར་མཛེས་ཁུལ་སྡེ་དགེ་རྫོང་དེ“ཀྲུང་གོའི་བོད་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ཡུལ”ཞེས་མིང་འདོགས་པའི་ཡིག་ཆ་དངོས་སུ་བསྒྲགས་པ་རེད། དེ་ནི་རྫོང་དེར“ཁམས་པའི་རིག་གནས་ཀྱི་འབྱུང་ཡུལ”དང་། “གེ་སར་རྒྱལ་པོའི་ཕ་ཡུལ” “ལྷོ་ཕྱོགས་བོད་ལུགས་གསོ་རིག་འཕེལ་རྒྱས་ལྟེ་གནས”བཅས་ཀྱི་མཚན་སྙན་ཐོབ་རྗེས་སླར་ཡང་གསེར་གྱི་མཚན་རྟགས་ཤིག་བསྣན་པ་མཚོན་ཡོད།

  མིང་བཏགས་གཏན་འབེབས་ནང་བོད་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་ནི་ཐོན་སྐྱེད་ཀྱི་ལག་རྩལ་དང་། འཚོ་བའི་སྒྱུ་རྩལ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གསོན་ཉམས་ལྡན་པའི་རིག་གནས་ཀྱི་རྩ་བ་ཞིག་ཀྱང་ཡིན་པས། དེའི་ནང་ཐུན་མིན་གྱི་བཟོ་སྐྲུན་བསམ་བློ་དང་། མཛེས་དཔྱོད་ཀྱི་འདུ་ཤེས། ལག་རྩལ་ནུས་པ། མི་ཆོས་ལྟ་བ་བཅས་འདུས་ཤིང་། དེས་བོད་རིགས་མང་ཚོགས་ཀྱི་སེམས་ཁམས་གྲུབ་ཆ་དང་བསམ་པའི་རེ་འབོད། ཐ་ན་ཐུན་མོང་གི་འདུ་ཤེས་བཅས་མཚོན་ཡོད།

 སྡེ་དགེ་རྫོང་ནི་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པས“ཁམས་པའི་རིག་གནས་ཀྱི་ལྟེ་གནས”ཞེས་པའི་མཚན་སྙན་ལྡན་ལ། རྫོང་དེའི་དམེ་ཤུལ་ས་ཁུལ་ནི་ཡུན་རིང་སྐད་གྲགས་ཆོད་པའི་བོད་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་རིང་ཞིང་གཏིང་ཟབ་པ། རིགས་མང་བ། རྒྱུན་འཛིན་གོ་རིམ་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། ད་ལྟའི་བར་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་པ་འབོར་ཆེན་ཞིག་ཐོན་པ་རེད།

 ཉེ་བའི་ལོ་ཤས་རིང་། སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་རིགས་དམངས་ཁྲོད་བཟོ་རྩལ་རྒྱུན་འཛིན་སྲུང་སྐྱོང་དང་འཕེལ་རྒྱས་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་བབ་བསྟུན་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་ཏེ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད+ཐོན་ལས་གླིང+སྣེ་འདྲེན་ཁེ་ལས+དབུལ་སྐྱོར་འཁོར་ཁང+ཁྱིམ་ཚང་བཟོ་ཁང”བཅས་ཀྱི་ཕྱོགས་མང་འཕེལ་རྒྱས་གཏོང་སྟངས་གསར་བསྐྲུན་བྱས་ཏེ། གཞི་ཁྱོན་ནུས་པ་དང་། ཚོང་རྟགས་གྲགས་ཅན་ནུས་པ་ལ་དོ་སྣང་ཆེན་པོ་བྱས་ནས་གྲོང་གསེབ་དར་རྒྱས་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལག་བསྟར་བརྒྱུད་ས་ཁོངས་རིག་གནས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།