སི་ཁྲོན་དཀར་མཛེས་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།

ཆར་རྗེས་ཀྱི་དཀར་མཛེས་རྫོང་མཁའ་རླུང་གཙང་ཞིང་སྐྱིད་སྣང་དོད་པ་དང་། ཁྲོམ་གཞུང་ཡངས་ཤིང་གྲལ་འགྲིག་ལ། སྤྱི་གླིང་ནང་དུ་ཚང་ཚིང་གཡུ་ལོ་རབ་ཏུ་འཁྲིགས། ཉག་ཆུའི་ངོགས་གཉིས་སུ་ལྗོན་ཤིང་དང་མེ་ཏོག་གིས་ཕྲ་རྒྱན་བཏབ་ཁར། རིག་གནས་ཐང་ཆེན་དུ་མང་ཚོགས་མང་པོ་འཛོམས་ནས་གླུ་ལེན་གར་རྩེད་བྱེད། གཞུང་ལམ་ཐོག་གི“སྟོད་གོས་སེར་པོ”གྱོན་པ་དག་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར།

གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།

དཀར་མཛེས་རྫོང་རྒྱས་དར་འབའ་གཞས་ཁུལ་ཆུང་དུ་སྡོད་པའི་བཀྲ་དགའ་འཆར་ཅན་བཞིན་ཐང་ཆེན་དུ་ལུས་སྦྱོང་བྱེད་པར་སླེབས། ཐང་ཆེན་དུ་རྒན་རྒོན་ཁ་ཤས་ཀྱིས་ཞབས་བྲོ་རྒྱག་པ་དང་། ཁ་ཤས་ཀྱིས་ཁ་བརྡར་གློད་པ། ཁ་ཤས་ཀྱིས་ལུས་སྦྱོང་བྱེད་བཞིན་པ་དེ་གྲོང་ཁྱེར་དེའི་ཆེས་གསོན་ཤུགས་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།

དཀར་མཛེས་རྫོང་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་གྲོང་མི་ཞིག་གི་ངོས་ནས། བཀྲ་དགའ་ནི་དཀར་མཛེས་རྫོང་གི་གྲོང་ཁྱེར་འཕེལ་རྒྱས་ཀྱི་དཔང་པོ་ཡག་པོ་ཞིག་རེད། “དཀར་མཛེས་རྫོང་གི་སྔོན་ཆད་ཀྱི་སྡོད་ཁང་ནི་ཤིང་དང་སོ་ཕག་གིས་གྲུབ་པ་ཡིན་པས་ཁང་པ་ཡག་པོ་གཅིག་ཀྱང་མེད། ལོ་འདི་དག་རིང་། གྲོང་ཁྱེར་དང་གྲོང་གསེབ་མཐོར་གཏོང་འཐབ་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས། དཀར་མཛེས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དང་། གྲོང་ཁྱེར་སྔོ་འགྱུར། གྲོང་སྲིད་སྒྲིག་བཀོད་བཅས་ལོ་རེ་ལས་ལོ་རེ་མ་འདས་པར་འཕེལ་རྒྱས་བྱུང་ཡོད། གྲོང་ཁྱེར་གྱི་རྣམ་པ་ནི་མི་རིགས་རིག་གནས་དང་ཡུལ་སྐོར་རིག་གནས་ཀྱི་གཞི་རྒྱུ་གཉིས་ཀ་མཉམ་འདྲེས་བྱས་པ་ཡིན་པས། གྲོང་ཁྱེར་དེ་བས་ལྟ་རིན་ཡོད་པ་དང་རིག་གནས་ཉམས་སུ་མྱོང་རྒྱུ་ཡོད་པར་གྱུར་ཡོད”ཅེས་བཀྲ་དགས་བརྗོད།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་གོ་སྐབས་དམ་འཛིན་བྱས་པས་གྲོང་ཁྱེར་འཛུགས་སྐྲུན་ལ་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ནས། སྤྱི་པའི་ལེ་ལག་ཚང་བའི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་ཞིང་ཕན་ནུས་བཀོད་སྒྲིག་ལུགས་མཐུན་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅུང་ཆེན་པོ་ཆགས་ཡོད། གྲོང་ཁྱེར་འཆར་འགོད་ཁུལ་དུ་མི་འབོར་ཁྲི་4ཙམ་ཡོད་ལ། ད་ཡོད་གྲོང་ཁྱེར་སྐྲུན་ཟིན་ཁུལ་སྤྱི་ལེ་ངོས་གྲུ་6ཙམ་ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་དཀར་མཛེས་རྫོང་གིས“བྱེད་ཐབས་བདུན་མཉམ་སྤྱོད”དང“རྣམ་པ་བཞི་གཅིག་སྒྲིལ”གྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཐོག“ཁྱམས་གཅིག་དང་། རྒྱུད་གཉིས། མདའ་གཉིས། ཡུག་ལྔ། ལྟེ་བ་ལྔ”བཅས་ཀྱི་གྲོང་ཁྱེར་བར་མཐོངས་ཀྱི་གྲུབ་ཆ་བསྐྲུན་ནས། ཁམས་བྱང་སྣོད་བཅུད་ཡུལ་སྐོར་ལྟེ་གནས་དང་གེ་སར་རིག་གནས་ཀྱི་ཡིད་འཕྲོག་གྲོང་རྡལ་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ།

ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས། གྲོང་གསེབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། ས་གནས་དེ་གའི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཁྱད་ཆོས་སྔོག་འདོན་དང་རྒྱུས་ལོན་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག འཆར་གཞི་བཟོས་ནས་ཁྱད་ལྡན་གྲོང་རྡལ་དང་གྲོང་གསེབ་གསར་པ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་ཧྲིལ་པོ་ཡུལ་སྐོར་ཅན་དང་། ཞིང་ལས་དེང་རབས་ཅན། གྲོང་ཁྱེར་དང་གྲོང་རྡལ་གསར་པ་ཅན་བཅས་མཉམ་འགུལ་འཕེལ་རྒྱས་འགྲོ་བའི་དཔེ་སྟོན་ཁུལ་ཞིག་བཏོད་ཡོད་པ་རེད།

དཀར་མཛེས་རྫོང་གིས་སྲིབ་ངོ་ཤང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཚོང་དོན་ཟོག་འགྲེམས་དང་། ཡུལ་སྐོར་ཞབས་ཞུ། རླངས་འཁོར་ཉོ་ཚོང་དང་རླངས་འཁོར་ཉམས་བཟོ་སོགས་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བཟུང་ནས། “ཐོན་ལས་གསུམ་པའི་ཞབས་ཞུའི་གྲོང་རྡལ”གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། འདན་མ་གྲོང་རྡལ་གྱི“རྟ་ཐོག་ཡུལ་སྐོར་གྲོང་རྡལ”བསྐྲུན་ནས་གེ་སར་རིག་གནས་ཡུལ་སྐོར་ཁུལ་གྱི་མཚམས་ཚིགས་གལ་ཆེན་བཏོད་པ། དཀར་རགས་ཤང་དེ་ཉིད“ཁྱད་ལྡན་ཞིང་ལས་ལྟ་སྐོར་གྱི་ཡུལ་སྐོར་གྲོང་རྡལ”དུ་བཏོད་པ། ཉི་གཞོན་གླིང་མི་རིགས་ཡུལ་སྲོལ་གོམས་གཤིས་གླིང་ལ་བརྟེན་ནས་དཀར་མཛེས་གྲོང་རྡལ་གྱི་ཝ་པ་གྲོང་ཚོ་དེ་ཉིད“དམངས་སྲོལ་ཡུལ་སྐོར་ཞབས་ཞུའི་གྲོང་ཁྱེར་རྩེ་གྲར”བཏོད་པ། དཀར་མཛེས་གྲོང་རྡལ་གྱི་བར་པ་གྲོང་ཚོ་དང་གྲོང་ཤར་ཁུལ་གསར་རྒྱས་སྐྲུན་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ“གྲོང་གསེབ་གསར་པའི་ཕྱོགས་བསྡུས་འདུས་གྲུབ”བཏོད་པ་སོགས་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།