དཔལ་ཡུལ་རྫོང་དུ་གནའ་བོའི་སྐྱེ་དངོས་ཀྱི་རྗེས་ཤུལ་ཞིག་རྙེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཅུས་ཀྱིས་ཕྱི་ཕྱོགས་ལས་རིགས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་གནའ་བོའི་སྐྱེ་དངོས་རྗེས་ཤུལ་ཁག་ཅིག་རྙེད་བྱུང་བས། ཐོག་མའི་གསལ་འབྱེད་བྱས་པ་ནི“འབྲུག་རུས་འགྱུར་རྡོ”ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་རྙེད་པའི་འགྱུར་རྡོ་དེ་དག་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་སྤང་ས་སྟོད་གྲོང་སྡེ་རུ་ཡོད་ཅིང་། ས་རིམ་ཁྲོད་དུ་ཉར་ཚགས་བྱས་པའི་གནའ་བོའི་སྐྱེ་དངོས་ཀྱི་སྐུ་ཕུང་དང་ཤུལ་རྫས་སམ་རྗེས་ཤུལ་ཡིན་པས།ས་འོག་ཏུ་སྦས་ནས་རང་བྱུང་ཁམས་ཀྱི་ནུས་པ་བརྒྱུད་དེ་འགྱུར་ལྡོག་གིས་གྲུབ་པའི་སྔར་གྱི་དངོས་གཟུགས་དང་རྗེས་ཤུལ་གྱི་གཟུགས་དབྱིབས། སྒྲིག་གཞི་ཡང་ན་པར་མའི་དཔེ་དབྱིབས་ཀྱི་སྲ་འགྱུར་དང་ཐཱན་འགྱུར། སྭེལ་འགྱུར། གཏེར་འགྱུར་བཅས་ཀྱི་དངོས་པོ་སོར་འཇོག་བྱས་ཏེ། ཕྱི་ཚུལ་དང་ནང་གནས་ཀྱི་ངོ་བོའི་ཐད་ནས་བལྟས་ན། ས་གནས་དེ་གའི་རིག་དངོས་སྡེ་ཚན་གྱིས་ཐོག་མའི་གསལ་འབྱེད་བྱས་པ་ནི“འབྲུག་རུས་འགྱུར་རྡོ”ཡིན་མོད། ད་དུང་མུ་མཐུད་ནས་རིགས་པས་ཁུངས་སྐྱེལ་བྱེད་དགོས་ཀྱི་ཡོད།

དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཅུས་ཀྱིས་སྔོན་གྲབས་དཀར་ཆག་འདེམས་སྒྲུག་ལེགས་སྒྲིག་བྱས་རྗེས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་ཡུལ་དངོས་སུ་ཐོན་ཁུངས་བརྟག་དཔྱད་ས་ཚིགས1500ལ་བརྟག་དཔྱད་བྱས་པ་དང་། དེའི་ནང་རིན་ཐང་ལྡན་པའི་ཐོན་ཁུངས1100ཡོད་པས། ད་ཆར1094ཕབ་འཇུག་བྱས། ཡོངས་ཁྱབ་ཞིབ་བཤེར་བྱས་པའི་ཁྱབ་ཁྱོངས་སུ་རྫོང་དེའི་ཡུལ་ཤོག་དང་གྲོང་རྡལ17ཚུད་ཡོད་པ་རེད།

དེ་སྔོན་དཔལ་ཡུལ་ལ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དང“ཀྲུང་གོའི་པར་ལེན་ཡུལ་ཡག་ཤོས་བཅུ” “སི་ཁྲོན་གྱི་ཆེས་རེ་སྒུག་བྱེད་རིན་ཡོད་པའི་ཡུལ་སྐོར་གནས་མཆོག”སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།