དཀར་མཛེས་རྫོང་གིས“བྱིས་པར་འགོག་སྨན་རྒྱག་པའི་ཉིན་མོའི”དྲིལ་བསྒྲགས་བྱ་འགུལ་སྤེལ།

0.jpg

བྱ་འགུལ་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས25ཉིན་ནི་རྒྱལ་ཡོངས་ཀྱི་ཐེངས34པའི་“བྱིས་པར་འགོག་སྨན་རྒྱག་པའི་ཉིན་མོ”ཡིན་པ་དང་། ད་ལོའི་བརྗོད་དོན་གཙོ་བོ་ནི“དུས་ཐོག་ཏུ་འགོག་སྨན་བརྒྱབ་ནས་བདེ་ཐང་སྲུང་ཡོལ་བསྐྲུན་དགོས”ཞེས་པ་དེ་རེད། རྒྱ་ཆེའི་མང་ཚོགས་ཀྱི་འགོག་སྨན་རྒྱག་པའི་རང་རྟོགས་ཆེ་རུ་གཏོང་བ་དང་བྱིས་པའི་ལུས་པོའི་བདེ་ཐང་ལ་འགན་ལེན་བྱ་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གྲོང་ཁུལ་ལྟེ་གནས་སུ“བྱིས་པར་འགོག་སྨན་རྒྱག་པའི་ཉིན་མོའི”དྲིལ་བསྒྲགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།

  བྱ་འགུལ་ཡུལ་དངོས་སུ་སྨན་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། བློ་འདྲིའི་ཞབས་ཞུའི་སྟེགས་བུ་འཛུགས་པ། དྲིལ་བསྒྲགས་ལག་དེབ་སྟེར་བ། དྲིལ་བསྒྲགས་བརྡ་སྦྱོར་སྦྱོར་བ་སོགས་ཀྱི་རྣམ་པས་བྱིས་པའི་ཁྱིམ་བདག་ལ་འགོག་སྨན་རྒྱག་པའི་ཚན་རིག་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་བྱས།

མང་ཚོགས་བཀྲ་ཤིས་དཔའ་མོས“རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དྲིལ་བསྒྲགས་བྱ་འགུལ་སྤེལ་བས། འགོག་སྨན་རྒྱག་པ་དེ་རང་ཉིད་དང་ཕྲུ་གུར་སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་ནད་དུག་དང་ནད་འབུ་མཆེད་རྒྱུ་བཀག་འགོག་བྱས་ནས་ཁྱིམ་མི་དང་གྲོགས་པོར་སྲུང་སྐྱོང་བྱེད་ཐུབ་པ་ཤེས”ཞེས་བཤད།

“ང་ཚོས་སྤྱི་དམངས་ལ་ཁ་གཏད་ནས་ཚན་རྩལ་ཁྱབ་གདལ་གྱི་བྱ་འགུལ་སྤེལ་བ་དང་བདེ་ཐང་ཕྱོགས་ཀྱི་ཤེས་བྱ་བསྒྲགས་པའི་དམིགས་ཡུལ་གཙོ་བོ་ནི། སྤྱི་དམངས་ལ་ནད་གཞི་གང་ཞིག་ལ་འགོག་སྨན་བརྒྱབ་ན་སྔོན་འགོག་བྱེད་ཐུབ་པ་དང་། ནད་ཕོག་ཚད་ཉུང་དུ་བཏང་ནས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཕོག་ཚད་ཆུང་དུ་གཏོང་རྒྱུ་ཤེས་སུ་འཇུག་ཆེད་ཡིན“ཞེས་དཀར་མཛེས་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགན་འཁུར་མི་སྣས་གསར་འགོད་པ་ལ་དེ་ལྟར་བཤད། ཡང་ཁོང་གིས་བསྟན་དོན། ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་འགོག་སྨན་རྒྱག་རྒྱུ་དེ་མི་ཚང་མའི་བདེ་ཐང་གི་གོམས་གཤིས་ཤིག་ཏུ་གྱུར་ནས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དེ་ནི་དུས་ལྟར་ལུས་པོར་བརྟག་དཔྱད་བྱེད་པ་བཞིན་གལ་ཆེན་དུ་འཛིན་དགོས།

  ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱ་འགུལ་སྟེང་ཁྱོན་དྲིལ་བསྒྲགས་ལག་དེབ500ལྷག་ཙམ་དང་། དྲན་རྟེན་དངོས་པོ200ལྷག་ཙམ། དྲིལ་བསྒྲགས་བརྡ་ཁྱབ90ལྷག་ཙམ་བྱིན་ལ། དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག2སྦྱར་བ་དང་། མང་ཚོགས500ལྷག་ཙམ་ལ་ཁྱབ་པ་རེད། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།