ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ66འཁོར་བའི་དངོས་བྲིས།

2020041709221392892.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲོན་བོད་གཞུང་ལམ་ཉག་ཆུ་རྫོང་རྒྱུད་ཡུལ་ར་མལ་ལའི་འདབས་ཀྱི་སྤྱང་ཀི་གྲོང་སྡེར་ཡོད་པའི་བུ་ཕྲུག་ཚང་གི་གནས་ཚང་འགྲུལ་ཁང་།

ཀ རྡོག་ལམ་དཀའ་ཚེགས་ཆེ་བ་ཞིག

ཞོགས་པའི་ཆུ་ཚོད8པར། སི་ཁྲོན་དར་མདོ་རུ་སྤོས་ལྡན་གྲོང་ཁྱེར་ནས་ཡོང་བའི་རྐང་འཁོར་རུ་ཁག་ཅིག་རྒྱུ་ལའི་ཕྱོགས་སུ་འགྲོ་བཞིན་འདུག ད་ལྟའི་ཁྲོན་བོད་གཞུང་ལམ་ནི་ལྷོ་རྒྱུད་སྤྱི་ལེ2146དང་བྱང་རྒྱུད་སྤྱི་ལེ2412ཀྱི་འཕྲེད་བཅད་རི་རྒྱུད་ནས་གངས་ལྗོངས་མཐོ་སྒང་དང་སི་ཁྲོན་གཤོང་སའི་སྦྲེལ་མཚམས་བརྒྱུད་དེ་འགྲོ་དགོས་པ་རེད།

ལུས་ཤུགས་ཡག་མོ་ཡོད་ཅིང་ཉམས་མྱོང་ཕུན་སུམ་ཚོགས་པའི་རྐང་འཁོར་བཞོན་མཁན་ཞིག་ལ་མཚོན་ན་ཁྲོན་བོད་ལྷོ་རྒྱུད་བརྒྱུད་པར་ཉིན22འགོར་བ་རེད་ལ། འགྲུལ་བཞུད་ཅུང་ཙམ་ལྷོད་མོ་ཡིན་པའི་སྒེར་འཁོར་གཏོང་མཁན་ལ་ཉིན7ལས་དགོས་པ་མ་རེད།

རྐང་འཁོར་བཞོན་པའི་མུ་ཁྱུད་དུ་ཀུན་གྱིས་ཁས་ལེན་པའི་སྡོམ་རྩིས་འདི་འདྲ་ཞིག་ཡོད་དེ། སྤོས་ལྡན་ནས་ལམ་ལ་ཆས་ཏེ་ལྷ་ས་ལ་ཐོན་པའི་བར་གྱི་བརྒྱུད་རིམ་ཧྲིལ་བོར་རྐང་འཁོར་བཞོན་ནས་འགྲོ་ཐུབ་མཁན་བཅུ་ཆ་གཉིས་ཀྱང་ཡོད་པ་མ་རེད། དར་མདོ་ནས་རྒྱུ་ལའི་མཚམས་སུ་སྤྱི་ལེ66ཡོད་ལ། མཚོ་འཕགས་སྨི2560ནས་སྨི4298བར་གློ་བུར་དུ་ཡར་འཕར་བས་ན། མཚམས་འདི་ནས་རྐང་འཁོར་བཞོན་མཁན་མང་པོ་ཞིག་གིས་འགྲོ་མཚམས་མི་འཇོག་ཀ་མེད་བྱུང་འདུག

ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལོ་ངོ1300ཡི་ཡར་སྔོན་དུ། རྒྱ་བོད་བར་གྱི་ཚོང་དོན་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཡོང་བ་ཡིན་ལ། གནའ་བོའི་ཚོང་འདྲེན་གདལ་ལམ་གྱིས་རིག་གནས་བརྗེ་རེས་མཚོན་ཡོད། མིང་རྒྱལ་རབས་ཀྱི་སྐབས་སུ། དར་རྩེ་མདོ་རུ་འགྲོ་ལམ་བཟོ་བར་ཕམ་ཁ་ཧ་ལས་མང་པོ་ཐེབས་མྱོང་ཡོད་པ་རེད།

བོད་ལྗོངས་འགྲིམ་འགྲུལ་ལམ་ཐིག་གི་ཤར་བགྲོད་རྒྱུན་སྐྱོང་བྱེད་པ་ནི་བོད་ལྗོངས་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་འགག་རྩ་ཡིན།1950ལོར་ཀྲུང་གོ་གསར་པ་ཕྱོགས་ཀུན་ནས་ཉམས་པ་སླར་གསོ་བྱུང་། འོན་ཀྱང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱེད་པའི་སྲིད་ཆེན་བྱེད་ཕྱོགས་ནི་ད་གཟོད་ཐབས་ཇུས་ནས་དངོས་སུ་ལག་བསྟར་ཐུབ་པ་བྱུང་ཡོད་ལ། ལས་ཀ་དེ་ནི་ཉེན་ཁ་ཆེ་ཞིང་དཀའ་ཚེགས་ལྡན་པ་ཞིག་ཡིན་པ་སྨོས་ཅི་དགོས།

དགུང་ལོ99ལ་སོན་པའི་དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཝེ་ཁུ་ཡིས་ད་དུང་ཡང་འདི་ལྟར་དྲན་བཞིན་འདུག་སྟེ། སྤྱི་ལོ1950ལོར། དཀན་གཟར་གྱེན་དུ་བསླངས་པའི་འུ་ལག་རི་བོའི་སྟེང་དུ། འཐབ་མོ་བ་རྣམས་ཀྱིས་མི་རེས་འབིག་རེ་དང་ལྕགས་ཐོ་རེ་ལག་ཏུ་བཟུང་ནས་བགྲོད་པར་བྱས་ལ། སྤྱི་ལེ་རེ་རེ་ཡི་བར་མཚམས་ནས་མི7རེ་སྐུ་གཤེགས་འགྲོ་བའི་སྙིང་སྟོབས་བླ་མེད་ཅིག་བཏོན་པ་ལ་བརྟེན་ནས། གཡང་གཟར་གྱི་རི་བོའི་སྟེང་དུ་མཁའ་ལམ་རྡོག་གཅིག་བཙུགས་ཐབས་བྱུང་ཡོད་པ་རེད། སྲིན་མདའ་རི་བོ་རུ་ཐོན་ཤག155པའི་སྒར3པ་ལ་གངས་རླུང་ཆེན་པོས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད་དེ། སྒར་ཡོངས་ལ་མི450ཡོད་པ་ལས། མི1འཁྱགས་ཤི་ཐེབས་པ་དང་མི7འཁྱགས་རྨས་བྱུང་ཡོད་པ་རེད་ལ། གངས་ལོང་ཐེབས་པའི་མི150ཡོད་པ་རེད་ཅེས་བཤད་བྱུང་།

2020041709223287063.jpg

དཀར་མཛེས་རྫོང་གྲོང་གི་གཞོགས་གཅིག་ཏུ་ས་དོང་རེ་རེ་བདེ་བར་ཉལ་ཡོད་པ་ནི། འཐབ་མོ་བ་རྣམས་ཀྱིས་གནམ་གྲུ་ཐང་བཟོ་སྐྲུན་བྱེད་པའི་སྐབས་སུ། ས་གནས་དེའི་ཡུལ་མི་རྣམས་ལ་བར་ཆད་མི་བཟོ་བའི་ཆེད་དུ་ལས་པའི་ལས་སྒྲུབ་སྡོད་ཁང་རེད། ཉིན་གཅིག་གི་མཚན་མོར་དྲག་ཆར་ཚབས་ཆེན་བབས་པས་ས་དོང་བརྡིབས་ནས་ལོ་ན་ཆ་སྙོམས20ལོན་པའི་བུ་མོ་འཐབ་མོ་བ9རྐྱེན་ལམ་དུ་ཤོར་སོང་བ་རེད།

བོད་ལྗོངས་དཔའ་ཤོད་ཀྱི་རྒྱལ་མོའི་རྔུལ་ཆུའི་ཟམ་གདན་ཕར་ཕྱོགས་ཀྱི་བྲག་རྡོའི་སྟེང་དུ། ལྡིང་དཔོན་ཞིག་གཙང་བོར་ལྕེབས་པའི་རྡོ་བརྐོས་རི་མོ་ཞིག་གསལ་བོར་མཐོང་རྒྱུ་འདུག དེ་ནི་སྔོན་དུས་དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་ཐོན་ཤག162པ་ཡིས་རྒྱལ་མོའི་རྔུལ་ཆུའི་འགག་མཚམས་སུ་རི་བོ་འགས་གཏོར་བྱེད་པའི་སྐབས་སུ། འགག་ཕྲེང་ཧ་ཅང་དོག་པས་འགད་རྫས་ཀྱིས་གཏོར་ཏེ་འཕངས་ཡོང་བའི་འཕར་རྡོ་དག་ལ་གཡོལ་ཐབས་མེད་པས་ན། མཐར་ལྡིང་དཔོན་རང་ཉིད་ལས་གཞན་རྣམས་གཅིག་ཀྱང་མ་ལུས་པར་སྐུ་གཤེགས་པས་ཁོ་པའི་སེམས་པ་སྡུག་བསྔལ་དྲག་པོས་མནར་ཞིང་གཙང་བོར་ལྕེབས་ཏེ་འཐབ་གྲོགས་ཚོ་དང་མཉམ་དུ་སྐུ་གཤེགས་སོང་བས་ན། ཁོང་ལ་རྗེས་དྲན་བྱེད་པའི་ཆེད་དུ་མི་རྣམས་ཀྱིས་རི་མོ་འདི་རྡོ་བརྐོས་བྱས་པ་ཡིན་འདུག

1954ལོའི་ཟླ12པའི་ཚེས25ཉིན་ལ། ཁྲོན་བོད་གཞུང་ལམ་མཚོ་བོད་གཞུང་ལམ་དང་མཉམ་གཅིག་ཏུ་ཤར་གཏོང་ཐུབ་པ་བྱུང་བ་རེད། དུས་དེ་ནས་བཟུང་སྟེ། དེང་རབས་དཔལ་ཡོན་གྱི་འོད་སྣང་མདོ་དབུས་མཐོ་སྒང་དུ་འཕྲོས་པ་རེད་ལ། གནའ་བོའི་དཔལ་ཡོན་དུས་རབས་གསར་བ་ཞིག་གི་ནང་དུ་བསླེབས་ཡོད་པ་རེད། གྲུབ་འབྲས་འདི་དག་ཚང་མ་གཞུང་ལམ་འཛུགས་སྐྲུན་གྱི་ཆེད་དུ་འཇིག་རྟེན་མི་ཡུལ་དང་བྲལ་སོང་བའི་སྔོན་གཤེགས་དཔའ་བོ3000ལྷག་ལ་རྗེས་དྲན་བྱེད་པའི་འགྱུར་མེད་བརྟན་བརླིང་གི་རྡོ་རིང་ཡིན།

2012ལོར། མཚོ་འཕགས་སྨི4300དང་རིང་ཚད་ལ་སྤྱི་ལེ12ཡོད་པའི་ཕུག་ལམ་ཞིག་ཁྲོན་བོད་ཀྱི་འགག་སྒོ་དང་པོ་ཁྲོ་ལ་རུ་ལས་འགོ་ཚུགས་ཡོད་པ་རེད། ལོ་ངོ5ཡི་དུས་ཡུན་རིང་མོའི་ནང་དུ་དཀའ་སྡུག་གང་མང་ཞིག་ལ་གདོང་གཏད་ནས། འཛམ་བུའི་གླིང་དུ་མཚོ་འཕགས་ཆེས་མཐོ་བའི་གཞུང་ལམ་རིང་ཤོས་ཀྱི་ཕུག་ལམ་ལེགས་འགྲུབ་བྱུང་ཡོད་པ་རེད། འདི་ནི་སྡེ་དགེ་རྫོང་ལ་མཚོན་ན་བཅིངས་འགྲོལ་གཏོང་ཐེངས་གཉིས་པ་ཡིན། ཕུག་ལམ་འདི་བརྒྱུད་སྐབས་དུས་ཡུན་སྐར་མ10ལས་མི་དགོས་ཤིང་རླངས་འཁོར་གྱི་ཁ་གྲངས་ཀྱང1500ནས5000དུ་འཕར་འཕར་ཡོད་པ་རེད།

དཔེ་བཟང་ཁ་ལོ་བ་འཆི་མེད་རྡོ་རྗེས་ལམ་བར་དུ་རླངས་འཁོར་གཞན་པར་ལྕགས་ཐག་སྐོན་བཞིན་པ།

ཁ། བརྒྱུད་འཛིན་ཟམ་མི་ཆད་པ་ཞིག

སི་ཁྲོན་ཅན་དབྱང་གི་ཞིང་སྡེ་ནས་ཡོང་བའི་ལོ་ན28ལ་སོན་པའི་ཕོ་གསར་ཙེང་ཧྲོང་ཆོན1998ལོར་སྡེ་དགེ་ཁྲོ་ལའི་ལམ་བཟོ་ཁང་ལྔ་པར་བསླེབས་ཤིང་། དེར་ལོ18ལས་དོན་བསྒྲུབས་ཡོད། ལམ་བཟོ་ཁང་ནི་མཚོ་འཕགས་སྨི5050ཡོད་སའི་ཉག་ཁའི་བར་སྤྱི་ལེ2ལས་མེད་ཅིང་། འཛམ་གླིང་དུ་མཚོ་འཕགས་ཆེས་མཐོ་བའི་གཞུང་ལམ་ལམ་བཟོ་ཁང་ཡིན། ཁོ་ནི་ལམ་བཟོ་ཁང་དེའི་འགོ་གཙོ17པ་ཡིན་ལ་ཆེས་མཐའ་མའི་འགོ་གཙོ་ཡང་ཡིན་པ་རེད།

2005ལོའི་ཟླ་བ་དང་པོར། ཁོས་ལམ་ལས་བཞིན་པའི་སྐབས་སུ་གངས་བརྡིབས་དང་འཕྲད་པས་ས་སློག་འཕྲུལ་ཆས་གཡང་གཟར་བྲག་ཁ་རུ་དེད་དེ་ལྷུང་ལ་ཉེ་བའི་སྐབས་སུ། ཁོ་རང་ཐབས་མཁས་ཀྱིས་ས་སློག་འཕྲུལ་ཆས་ལས་ཕྱིར་ཐར་ནས་ལམ་ངོས་སུ་བསླེབས་ནས་བལྟས་པ་ན། གཞུང་ལམ་དུ་རླངས་འཁོར་ཕྲེང་བ་བཞིན་འཚངས་ནས་འདུག་པས། ཁོས་སྲོག་གི་ཉེན་ཁ་ལ་མ་འཛེམ་པར་སླར་ས་སློག་འཕྲུལ་ཆས་ནང་ལོག་ནས་ཆུ་ཚོད་ལྔ་ཙམ་ཤི་འབད་རོ་འབད་བྱས་རྗེས། ས་སློག་འཕྲུལ་ཆས་གཞི་ནས་ལམ་ངོས་སུ་ཕུད་ཐུབ་པ་དང་། དེ་ནས་ངལ་གསོ་ཁོམ་མེད་པར་མཚན་ཕྱེད་བར་དུ་ལམ་ངོས་ཀྱི་ཁ་བ་དེད་དེ་རླངས་འཁོར་འགྲོ་ཐུབ་པར་བཟོས། དེ་ནས་ཁོ་རང་སླར་ས་སློག་འཕྲུལ་ཆས་ལུས་སའི་གཡར་གཟར་བྲག་ཁར་ཕྱིན་ནས་ལྟ་དུས་རྗེས་ཙམ་ཡང་ལུས་མེད་པ་རེད།

ཁྲོ་ལའི་ཕུག་ལམ་ཕུག་རྗེས་ཁོ་རང་དང་ལས་བཟོ་རོགས་པོ་རྣམས་གངས་ཆར་ཁྲོད་དུ་ལོ63གནས་པའི་ལམ་བཟོ་ཁང་ནས་ཁ་བྲལ་ཏེ་དར་མདོའི་རྒྱུ་ལ་རུ་མུ་མཐུད་དེ་ལམ་གསོ་བའི་ལས་དོན་སྒྲུབ་པ་རེད།

ཁྲོན་བོད་གཞུང་ལམ་དུ་ཡང་བསྐྱར་སྐྱོད་པའི་བརྒྱུད་རིམ་ཁྲོད་དུ། གསར་འགོད་པས་ཙེང་ཧྲོང་ཆོན་ལྟ་བུའི་མི་མང་པོ་ཐུག་བྱུང་། འཐབ་མོ་བ3000ལྷག་གཞུང་ལམ་བཟོས་པའི་ཁྲོད་དུ་ཚེ་སྲོག་ཤོར་བ་དང་། དཀའ་ངལ་དང་འཆི་རྒྱུར་མི་སྐྲག་པ་དང་། དྲག་འཐབ་ཞུམ་མེད། གཞན་དོན་དུ་བློས་གཏོང་བ། དམག་དམངས་ཁྱིམ་གཅིག མི་རིགས་མཐུན་སྒྲིལ་བཅས་ཀྱི་མཚོ་བོད་དང་ཁྲོན་བོད་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དེ་ད་དུང་ཁྲོད་བོད་གཞུང་ལམ་ལས་མཁན་གྱི་ཁྲག་རྒྱུན་དུ་བཞུར་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོད་བོད་གཞུང་ལམ་བོད་ལྗོངས་ལམ་རྒྱུད་དུ་ཐད་ཀར་གནོད་ཐེབས་ས2000ལ་ཉེ་བ་ཡོད་ཅིང་། རིང་ཚད་སྤྱི་ལེ220ཡོད་པར་བརྟེན། དེའི་ཁོངས་ཀྱི་སྤྱི་ལེ800ཡོད་པའི་ཁྲོན་བོད་གཞུང་ལམ་གྱི་གསོ་འགན་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེ་ལ་སྤྲད་ཡོད་པ་རེད།

ག ཡུལ་ལྗོངས་ཆེས་མཛེས་པ་ཞིག

ལོ་དགུ་སོང་ཡང་ལམ་བུ་འདིའི་རྒྱུད་ངོགས་ཀྱི་གངས་རི་དང་སྐར་ཚོགས། སྐྱ་རེངས་བཅས་སྔར་བཞིན་འཇམ་ཅག་གེར་གནས། འགྲུལ་ཁང་ལ་སྔར་བཞིན་དྲོད་འཁོལ་ལྡན་ཞིང་ཨ་ཇོ་བུ་ཕྲུག་ཀྱང་སྔར་བཞིན་མགྲོན་དགའ་ཆེ། ཉག་ག་རེ་རེའི་རླུང་རྟ་དང་ལམ་ཟུར་གྱི་མཆོད་རྟེན་རེ་རེ་ངའི་འགྲུལ་རོགས་སུ་གྱུར། མཐར་ཐུག་གི་གཏད་སོ་གནས་རི་དང་གནས་མཚོ་ལ་མིན་ཞིང་། ནམ་ཡང་ལང་ཚོའི་གསོན་ཤུགས་འབར་བ་དང་མིག་མཐར་བརྩེ་བའི་མཆི་མས་གང་བཞིན་ནམ་ཡང་འགྲོ་ལམ་དུ་ཆས་བཞིན་ཡོད། ཅེས་པའི་སྙན་ཚིག་དུམ་བུ་འདི་འགྲུལ་བ་ཀྲོའུ་ཧྥེ་ར་མལ་ལའི་འདབས་ཀྱི་ཉག་ཆུ་རྫོང་གི་སྤྱང་ཀི་གྲོང་སྡེའི་བུ་ཕྲུག་ཚང་གི་གནས་ཚང་འགྲུལ་ཁང་དུ་བསྡད་དུས་བྲིས་པའི་འགྲུལ་བཞུད་ཉིན་ཐོ་རེད།

ལོ་ན55ལ་སོན་པའི་བུ་ཕྲུག་དང་བཟའ་ཟླ་དོན་འགྲུབ་དབང་མོ་གཉིས་ལོ་ངོ19ཡི་སྔོན་ལ་རྩྭ་ཆུ་དེད་དེ་འཚོ་བ་བྱེད་པའི་མཇུག་འགྲིལ་ནས་གནས་ཚང་འགྲུལ་ཁང་བཙུགས་ཏེ་དྲྭ་ཐོག་སྐད་གྲགས་ཁྱབ་ཡོད། རྐང་ཐང་འགྲོ་མཁན་དང་རྐང་འཁོར་བཞོན་མཁན། རླངས་འཁོར་གཏོང་མཁན་སོགས་ཀྱི་འགྲུལ་པ་མང་པོས་བུ་ཕྲུག་གནས་ཚང་འགྲུལ་ཁང་ནི་ཁྲོན་བོད་གཞུང་ལམ་ཐོག་གི་ས་ཚུགས་ཡག་ཤོས་དང་ཁྱིམ་ཚང་དྲོ་ཤོས་སུ་བརྩིས་དང་རྩིས་བཞིན་ཡོད་པ་རེད།

ལོ་ངོ30རིང་ལ་ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་བཏང་ཞིང་སྤྱི་ལེ་ས་ཡ་གཅིག་དང་འབུམ་བཞི་ལྷག་སོང་ཡོད་པའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེས་རླངས་འཁོར་དུ་ནམ་ཡང་སྲོ་ལོ་དམར་པོ་དང་དབྱང་བུམ་སོགས་རྒྱུན་འཁུར་ཡིན་ཡིན་ཞིང་། སྡེ་དགེའི་ཁྲོ་ལར་ཁོང་གིས་ངོ་མི་ཤེས་པའི་མི་བརྒྱ་ལྷག་གི་སྲོག་བསྐྱབས་ཡོད་པ་རེད།

ཁྲོན་བོད་གཞུང་ལམ་ལས་པའི་དུས་རིམ་ཐོག་མར་དམངས་དམག་ཁྱིམ་གཅིག་དང་བོད་རྒྱ་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་མཐོ་སྒང་དུ་བཞད་པའི་སྐལ་བཟང་མེ་ཏོག་བཞིན་ག་ས་ག་ལ་ཁྱབ་ཡོད།

ད་ལྟ་མི་རབས་དུ་མའི་འབད་པ་འོག་ཏུ་བོད་བསྐྱོད་གཞུང་ལམ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་དེ། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ། མཚོ་བོད་ལྕགས་ལམ། རྒྱུད་ངོགས་ཀྱི་གནམ་གྲུ་ཐང་། དེ་བཞིན་ཡུལ་ཤོག་ཏུ་བསྐྱོད་པའི་སྣུམ་ལམ། གྲོང་སྡེར་བསྐྱོད་པའི་ཨར་འདམ་ལམ་སོགས་ཀྱིས་བོད་ཁུལ་དུ་སྟབས་བདེ་ལ་མགྱོགས་པའི་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་དྲ་བ་ཞིག་བཙུགས་ཟིན་པ་དང་། དེ་དག་གི་མཐོ་སྒང་གི་ཡུལ་ལྗོངས་ཁོ་ན་ཙམ་མ་ཡིན་པ་ཡུལ་སྐོར་གྱི་ནོར་བུའི་འགྲོ་ལམ་དུ་གྱུར་ཡོད། དེར་མ་ཚད་རྒྱུ་ལ་རུ་ཁ་ལ་འགག་པའི་དཀའ་སྡུག་བསལ་ཆེད། ཕུག་ལམ་གསར་པ་ཞིག་རྒྱུ་ལའི་འདབས་སུ་ལས་འགོ་བརྩམས་ཡོད་དོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།