ད་ལོར་དཀར་མཛེས་ཁུལ་ཞིང་ལས་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་འཆར་གཞིར་མ་དངུལ་སྒོར་ཁྲི41129བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་གསར་འགོད་པས་དཀར་མཛེས་ཁུལ་ཞིང་ཕྱུགས་གྲོང་གསེབ་ཅུའུ་ནས་ཤེས་རྟོགས་བྱུང་བར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་ཐར་འགག་སྒྲོལ་ལ་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད་རིམས་ནད་ཀྱི་གྱོང་གུན་ལ་ཁ་གསབ་བྱས་པ་རེད། ད་ལོར་དཀར་མཛེས་ཁུལ་གྱིས་ཞིང་ལས་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་འཆར་གཞིར་མ་དངུལ་སྒོར་ཁྲི་41129.74བཀོད་སྒྲིག་བྱས་པ་མ་ཟད། ཁེ་ལས་ཀྱི་ལས་ཐོན་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ་དང་། དཔྱིད་རྨོད་ལས་དོན་དམ་འཛིན་ཡག་པོ་བྱེད་པ། སྒོ་ཕྱུགས་དང་ཁྱིམ་བྱའི་རྟེན་གཞི་དང་ཞིང་ལས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞི་ནས་ཤུགས་བརྒྱབ་སྟེ་ཐོན་ལས་དབུལ་སྐྱོར་དང་དེང་རབས་ཞིང་ལས་ཀྱི“10+2”ཐོན་ལས་མ་ལག་བསྐྲུན་རྒྱུ་ཟུང་འབྲེལ་བྱས་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་བཟང་པོ་བྱས་ཏེ། མིག་མཐོང་ལག་ཟིན་དང་ཕན་འབྲས་ལྡན་པའི་རྣམ་གྲངས་ཁག་གཅིག་བཏོད་ནས་མང་ཚོགས་དབུལ་པོའི་ཡོང་འབབ་རྒྱུན་མཐུད་དང་བརྟན་འཇགས་ཀྱིས་གོང་འཕར་ཡོང་བར་སྐུལ་འདེད་བཏང་བ་རེད།

རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དཀར་མཛེས་ཁུལ་གྱི་དུས་ཚིགས་དང་པོའི་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ཁག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་དང་ལྷག་པར་དུ་ཞིང་འབྲེལ་ཁེ་ལས་ཀྱི་ལས་ཐོན་བསྐྱར་འཛུགས་དང་། ཞིང་ལས་གླིང་འཛུགས་སྐྲུན་བྱེད་པ། ཞིང་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་རེད། ཞིང་ཆེན་དང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གཞུང་དོན་ཁང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ད་ལོའི་ཐོན་ལས་དབུལ་སྐྱོར་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བར་འགན་ལེན་བྱ་ཆེད། ཁུལ་ཞིང་ཕྱུགས་གྲོང་གསེབ་ཅུའུ་ཡི་ཡར་སྔོན་དུ་བཟོས་པའི་《དཀར་མཛེས་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ཆེད་དོན2020ལོའི་ལོ་འཁོར་གྱི་ལག་བསྟར་ཇུས་གཞི》གཞིར་བཟུང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་དམིགས་ནས་ཐོན་ལས་དབུལ་སྐྱོར་གྱི་དམིགས་ཚད་ཁག18གཏན་འཁེལ་བྱས་པ་དང་། ད་ལོའི་ཐོན་ལས་དབུལ་སྐྱོར་གྱི་ལས་འགན་གཙོ་བོ་ནི་ཁྱད་ལྡན་ཞིང་ལས་རྟེན་གཞི་མུའུ་ཁྲི2.1དང་ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་རྟེན་གཞི20གང་མགྱོགས་ཀྱིས་གསར་སྐྲུན་བྱེད་པ། ཐོག་མའི་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་སྒྲིག་བཀོད38གསར་སྐྲུན། མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ6གསར་སྐྲུན་བྱེད་པ་དང་དེང་རབས་ཞིང་ལས་གླིང་ཁུལ9སྐྲུན་རྒྱུ། ཞིང་པའི་མཉམ་ལས་ཁང་གི་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང7སྐྲུན་རྒྱུ་དང་ཁྱིམ་ཚང་གི་ཞིང་ར4སྐྱེད་སྲིང་བྱེད་པ། ས་ཁོངས་སྤྱི་སྤྱོད་སྤུས་རྟགས1དང་སྤུས་ལེགས་ཞིང་ལས་ཐོན་རྫས་སྤུས་རྟགས3བཏོད་རྒྱུ། གོ་ཆོད་དུས་ཡུན་ནང་“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་རྫས་བསྡོམས་འབོར84ལ་སླེབས་པ་བྱེད་རྒྱུ། འགྲེམས་ཚོགས་ཐོག་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས180ཁྱབ་གདལ་གཏོང་བ། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི15.5དང་ཞིང་ཆུ་ཡུར་འདྲེན་ས་ཚིགས1གསར་སྐྲུན་དང་། ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི0.5ཡིས་མང་དུ་གཏོང་བ། འཁོར་སྐྱོད་ལམ་སྲོལ་སྐྱེད་སྲིང་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས150འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཚན་རྩལ་དཔེ་སྟོན་རྟེན་གཞི30བསྐྲུན་ནས་བྱང་ཚད་མཐོ་བའི་ཞིང་པ3042གསོ་སྐྱོང་བྱས་ནས་ཐོན་ལས་ལ་བརྟེན་ནས་མི1210དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་བཅས་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།