རྔ་བ་ཁུལ་གྱིས་ཞིང་ཆེན་རིམ་པའི་གཙོ་གནད་དེང་རབས་ཞིང་ལས་གླིང་ཁུལ4འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་སི་ཁྲོན་ཞིང་ཆེན་གྱིས་རྔ་བ་ཁུལ་རྔ་བ་རྫོང་གི་ནས་ཐོན་ལས་གླིང་དང་། ཧུང་ཡོན་རྫོང་གི་དམེ་བའི་འབྲི་གཡག་+ཕྱུགས་རྩྭའི་ཐོན་ལས་གླིང་ཁུལ། ཞའོ་ཅིན་རྫོང་གི་རི་མཐོའི་སྔོ་ཚལ་ཐོན་ལས་གླིང་ཁུལ། ཅིན་ཁྲོན་རྫོང་གི་ཆང་བ་ལི་དེང་རབས་ཞིང་ལས་གླིང་བཅས་ཞིང་ཆེན་རིམ་པའི་གཙོ་གནད་སྐྱེད་སྲིང་གླིང་གི་ཁྲོད་བཞག་ཡོད། དེར་བརྟེན་རྔ་བ་ཁུལ་གྱིས་མུ་མཐུད་དུ་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་དང་མ་དངུལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ཕྱིར་འཚོང་། སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་རྣམ་པ་དང་བྱེད་ནུས་མང་བའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དེང་རབས་ཅན་གྱི་ཞིང་ལས་གླིང་ཁུལ་ཁག་གཅིག་གཏོད་རྒྱུ་རེད།

ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་གྱི་ཚད་གཞི་གཞིར་བཟུང་འཆར་འགོད་ཚན་རིག་དང་མཐུན་པ་དང་། ཐོན་ལས་ཆ་ཚང་བ། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད། ལག་རྩལ་སྔོན་ཐོན། དོ་དམ་ཚད་ལྡན་བཅས་ཀྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་། རྔ་བ་ཁུལ་གྱིས་གླིང་ཁུལ་གྱི་བྱེད་ནུས་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུར་དམ་འཛིན་བྱས་ཡོད། མིག་སྔར་རྔ་བ་ཁུལ་གྱི་ཆེད་མཁས་ཚོགས་པས་གླིང་ཁུལ་གྱི་སྤྱི་འདོམས་དང་། མཐུན་སྦྱོར། ལྟ་སྐུལ། མཛུབ་ཁྲིད་བཅས་མགྱོགས་མྱུར་དོན་འཁྱོལ་བྱས་པ་དང་། རིམ་པ་མི་འདྲ་བའི་རོགས་སྐྱོར་སྲིད་ཇུས་བཟོས་ཏེ་གླིང་ཁུལ་གྱི་ཁང་བདག་གིས་ས་ཞིང་འཁོར་སྒྱུར་བྱེད་པའི་ཧུར་སེམས་སྐུལ་སློང་དང་གླིང་ཁུལ་གྱི་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་གཏོང་བ། གླིང་ཁུལ་དང་ཉེ་འཁོར་གྱི་ཞིང་དུད་ཀྱིས་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཚད་འབེབས་ཀྱིས་མ་རྐང་ནང་ཞུགས་ནས་མཉམ་ལས་ཁང་འཛུགས་རྒྱུར་སྐུལ་མ་གཏོང་བ། གླིང་ཁུལ་དང་ཚན་ཞིབ་སློབ་གླིང་འབྲེལ་མཐུད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་ཚན་རྩལ་འདུས་ཚད་མཐོ་བ་དང་། ལག་རྩལ་བྱང་ཆུབ་པ། ཐོན་སྐྱེད་ཀྱི་ཕན་འབྲས་ལེགས་པ་བཅས་ཀྱི་གསར་གཏོད་ལག་རྩལ་དང་སྤྱོད་གོ་ཆོད་པའི་ལག་རྩལ་རྣམ་གྲངས་སྔོན་ལ་གདམ་ག་བྱེད་པ། གླིང་ཁུལ་དོ་དམ་མི་སྣའི་འདུ་ཤེས་གསོ་སྐྱོང་དང་ཆེད་ལས་མི་སྣའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་དང་། ཆུ་བེད། འགྲིམ་འགྲུལ་སོགས་ཐད་ཀྱི་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་གླིང་ཁུལ་གྱི་ཆུ་དང་། གློག ལམ། ཡུར་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔོན་ལ་བསམ་གཞིག་དང་གཙོ་གནད་དུ་འཛིན་རྒྱུ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།