གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཧུང་ཡོན་ལམ་མཚམས་དངོས་སུ་སྐྲུན་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཧུང་ཡོན་ལམ་མཚམས་དངོས་སུ་སྐྲུན་མགོ་ཚུགས་པའི་མཛད་སྒོ་འོམ་ཐང་དུ་སྤེལ་ཞིང་། རྫོང་ཨུ་དང་རྫོང་དམངས་འཐུས་ཀྱི་འགོ་ཁྲིད་དང་། རྫོང་སྲིད་གྲོས། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཀུང་སིའི་ཏུང་ཧྲི་ཀྲང་། ཀྲུང་གོ་ཚན་རིག་གླིང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཚན་རྩལ་ཁྲུའུ་ཡི་ཞིབ་འཇུག་པ་སོགས་མགོ་འཛུགས་མཛད་སྒོར་ཞུགས་ཤིང་གཏམ་བཤད།

ད་ལོ་ནས་བཟུང་། ཧུང་ཡོན་རྫོང་གིས་རིམས་འགོག་གི་ལས་ལ་བརྩོན་པ་དང་ཆབས་ཅིག་རྣམ་གྲངས་འཛུགས་སྐྲུན་ལ་འབད། ད་ལོར་ཧུང་ཡོན་རྫོང་གིས་འཛུགས་སྐྲུན་རྣམ་གྲངས་136བསྐྲུན་འཆར་ཡོད་པ་དང་། མ་དངུལ་སྒོར་ཁྲི་223390གཏོང་རྩིས་ཡོད།

རྒྱུས་ལོན་པ་ལྟར་ན། ད་ཐེངས་ཀྱི་གཅིག་སྡུད་ལས་མགོ་འཛིན་པའི་རྣམ་གྲངས་ནང་རྒྱལ་ལམ་615པའི་ལམ་ཐིག་གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རྔ་ཁུལ་ཧུང་ཡོན་KV220གློག་སྐྱེལ་གློག་སྒྱུར་ལས་གྲྭ་སོགས་ཁུལ་དང་རྫོང་གི་གཙོ་གནད་རྣམ་གྲངས་ཁྱོན་83ཚུད་ཡོད་པ་དང་། མ་དངུལ་སྒོར་ཁྲི་180879གཏོང་རྩིས་ཡོད། དེའི་ཁྲོད་དུ་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་17ཡོད་ལ་མ་དངུལ་སྒོར་ཁྲི་5476གཏོང་རྩིས་ཡོད་པ་དང་། དབུལ་བྲལ་གནད་སྒྲོལ་གྱི་རྣམ་གྲངས་53ཡོད་ལ་མ་དངུལ་སྒོར་ཁྲི་13915གཏོང་རྩིས་ཡོད་ལ།

འགྲིམ་འགྲུལ་མ་ལག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་1ཡོད་ལ་མ་དངུལ་སྒོར་ཁྲི་136000གཏོང་རྩིས་ཡོད། ཡུལ་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་5ཡོད་ལ་མ་དངུལ་སྒོར་ཁྲི་13296གཏོང་རྩིས་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་རྣམ་གྲངས་1ཡོད་ལ་མ་དངུལ་སྒོར་ཁྲི་2375གཏོང་རྩིས་ཡོད་ལ། དམངས་འཚོའི་བྱ་གཞག་གི་རྣམ་གྲངས་2ཡོད་ལ་མ་དངུལ་སྒོར་ཁྲི་1181གཏོང་རྩིས་ཡོད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་4ཡོད་ལ་མ་དངུལ་སྒོར་ཁྲི་8600གཏོང་རྩིས་ཡོད། རྣམ་གྲངས་དེ་དག་གིས་ཧུང་ཡོན་རྫོང་ཡོངས་ཀྱི་ཐོན་ལས་སྔར་བས་ལེགས་སུ་གཏོང་བར་དགེ་མཚན་ལྡན་པའི་སྐུལ་སྤེལ་གྱི་ནུས་པ་ཐོན་ཐུབ་བོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།