གསེར་རྟའི“སྤྲིན་སྟེགས་སློབ་ཁང”གིས་སློབ་ཁྲིད་མཚམས་བཞག་ཀྱང་སློབ་གཉེར་མཚམས་མི་འཇོག་པར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་འགོ་རྩོམ་པ་ཕྱིར་འགྱངས་བྱས་ཀྱང་སློབ་མའི་སློབ་སྦྱོང་གི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། གསེར་རྟ་རྫོང་སློབ་གསོ་ལུས་རྩལ་ཅུའུ་ཡིས་སློབ་གྲྭ་ཆུང་འབྲིང་ཁག་སྒྲིག་འཛུགས་བྱས་ནས“བརྙན་འཕྲིན་+དྲ་རྒྱའི”བྱེད་ཐབས་སྤྱད་དེ་དྲ་རྒྱའི་སློབ་ཁྲིད་སྤེལ་བ་དང་། “སློབ་གྲྭ་རེར་ཐབས་ཇུས་རེའི”དྲ་སྟེང་སློབ་ཁྲིད་ཇུས་གཞི་དང་དྲ་སྟེང་སློབ་ཁྲིད་ཟུར་ཁྲིད་འཆར་གཞི་བཟོས་ཤིང་། འཛིན་བདག་དང་བསླབ་གཞའི་དགེ་རྒན་གྱིས་འཛིན་གྲྭའི་སློབ་སྦྱོང་ཚོགས་པ་བཙུགས་ནས། དྲ་རྒྱར་བརྟེན་ནས་སློབ་མའི་སློབ་སྦྱོང་ལ་མཛུབ་ཁྲིད་དང་མཆན་འགོད་ལས་བྱར་མཛུབ་ཁྲིད་བཅས་བྱས་ཏེ་དྲ་སྟེང་མཉམ་འགུལ་དང་དགེ་སློབ་ཕན་ཚུན་བར་གཞོགས་འདེགས་དམ་ཟབ་བྱས་ནས་སློབ་མའི་རང་བརྟེན་སློབ་སྦྱོང་ལ་ནུས་པ་ལྡན་པའི་འདེགས་སྐྱོར་བྱས་ཏེ“སློབ་ཁྲིད་མཚམས་བཞག་ཀྱང་སློབ་གཉེར་མཚམས་མི་འཇོག་པའི”ལས་དོན་ཏན་ཏིག་གིས་བསྒྲུབས་པ་རེད།

“རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ད་ལྟ་སློབ་གྲྭས་སློབ་འགོ་བརྩམས་མེད་པས། ད་ལོར་ང་ཚོའི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་འབྲིང་རྒྱུགས་ལ་ཞུགས་པར་སེམས་ཁྲལ་ཆེན་པོ་འདུག་ནའང་། དགེ་རྒན་གྱིས་ང་ཚོར་སྤྲིན་སྟེགས་སློབ་ཁང་དུ་འཛུལ་དུ་བཅུག་ནས་ཁ་པར་བཀོལ་ནས་དྲ་རྒྱའི་སྟེང་སློབ་གཉེར་བྱས་པ་ཡིན། དགེ་རྒན་གྱིས་ཉིན་རྒྱུན་དཀར་མཛེས་རིག་ལྡན་སྤྲིན་སྟེགས་སློབ་ཁྲིད་ལས་སྟེགས་བརྒྱུད་ང་ཚོར་སློབ་ཁྲིད་དང་ཟུར་ཁྲིད་ལས་བྱ་བཀོད་སྒྲིག་བྱས་པས་བློ་སེམས་བདེ་བོ་བྱུང་ཡོད་།“ཅེས་གསེར་རྟ་རྫོང་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་པད་མ་འཕྲིན་ལས་ཀྱིས་བཤད། ཟླ3པའི་ཚེས1ཉིན་ནས་བཟུང་པད་མ་འཕྲིན་ལས་ཀྱིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་དགུ་པའི་སྔོན་དུ་སློབ་ཁྲིད་མ་འཚོག་སྔོན་གྱི་གྲ་སྒྲིག་བཟང་པོ་བྱས་ནས་བསླབ་ཚན་ཁག་གི་དགེ་རྒན་གྱིས་དཀར་མཛེས་རིག་ལྡན་སྤྲིན་སྟེགས་སློབ་ཁྲིད་ལས་སྟེགས་བརྒྱུད་ནས་ལག་ཁྱེར་ཁ་པར་ལས་སློབ་ཁྲིད་བྱས་ཏེ་ཉིན་རེའི་ཕྱི་དྲོའི་ཆུ་ཚོད་དྲུག་པར་མཇུག་སྒྲིལ་བར་བྱས། ཁོང་གིས་ཉིན་ལྟར་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སྦྱོང་ཚན་ལེགས་འགྲུབ་བྱེད་དགོས་པ་མ་ཟད། ད་དུང་སློབ་ཆུང་ལོ་རིམ་བཞི་པའི་གཅུང་པོ་དང་གཅུང་མོ་གཉིས་ལ་ཟུར་ཁྲིད་བྱེད་ཀྱིན་ཡོད། པད་མ་འཕྲིན་ལས་སློབ་གྲྭར་སོང་ནས་སློབ་ཁྲིད་ལ་ཉན་སྐལ་མ་ལྡན་ཡང་ཉིན་རེའི་སློབ་གཉེར་ནང་དོན་བཀོད་སྒྲིག་བཟང་པོ་བྱས་ཡོད་པས་འཚོ་བ་རོལ་སྟངས་ཕུན་སུམ་ཚོགས་པ་ཞིག་རེད།

དྲ་རྒྱའི་སློབ་ཁྲིད་ལ་སྐུལ་འདེད་གཏོང་རྒྱུ་ནི“རིམས་ནད”ལ་འཐབ་འཛིང་བྱེད་པའི་འཕྲལ་སྡོམ་བྱེད་ཐབས་ཤིག་ཡིན་ལ“སྦྲེལ་དྲ+སློབ་གསོའི”གྲུབ་འབྲས་འགྲེམས་སྟོན་ཞིག་ཀྱང་རེད། སློབ་གཉེར་བ་པད་མ་འཕྲིན་ལས་འཛིན་བདག་ཚང་གི་ཁྱིམ་དུ་སོང་བ་ན་འགྲུལ་ཁང་གི་ཅོག་ཙེའི་ཐོག་ལག་ཁྱེར་ཁ་པར་ཞིག་དང་། སློབ་ཁྲིད་རྒྱུ་ཆ་དང་བསླབ་དེབ་བཅས་བསྒྲིགས་ཡོད་པ་མཐོང་བས་སློབ་ཁང་གི་ཁྲིད་སྟེགས་ཤིག་དང་ཇི་མ་ཇི་བཞིན་ཡིན་ལ། དགེ་རྒན་གྱིས་ད་ལྟ་དངོས་སུ་དྲ་རྒྱའི་སློབ་ཁྲིད་ཐད་གཏོང་བྱེད་བཞིན་པའི་སྒང་རེད། “ཐོག་མར་དྲ་རྒྱའི་སློབ་ཁྲིད་ལ་ཞུགས་སྐབས་སློབ་མ་ཚོར་སློབ་ཁྲིད་བྱས་པ་དེ་འདྲའི་ལེགས་འགྲུབ་བྱུང་བ་ཞིག་མིན་སྟེ། སློབ་མ་ཁ་ཤས་ཅིག་གིས་སློབ་ཁྲིད་ཀྱི་མྱུར་ཚད་དང་བསྟུན་ཐུབ་ཀྱིན་མེད་པ་རེད། སློབ་ཁྲིད་གྲོལ་རྗེས་ང་ཚོས་སྐད་འཕྲིན་དངQQབརྙན་ལམ་སོགས་བརྒྱུད་དམིགས་བསལ་རང་བཞིན་གྱི་ཟུར་ཁྲིད་བྱས་ཏེ་སློབ་མ་ཚང་མའི་སློབ་སྦྱོང་གི་ཕན་འབྲས་ལ་འགན་ལེན་བྱས་པ་ཡིན། ཟླ་ཕྱེད་རིང་གི་དྲ་རྒྱའི་སློབ་ཁྲིད་ལག་ལེན་བརྒྱུད་ད་ལྟ་སློབ་མ་ཚོ་དྲ་རྒྱའི་སློབ་ཁྲིད་བྱེད་སྟངས་དང་རིམ་བཞིན་འཚམ་པར་གྱུར་ཡོད། ཅེས་འཛིན་བདག་དགེ་རྒན་གྱིས་བཤད།

མིག་སྔར་གསེར་རྟ་རྫོང་གི་སློབ་གྲྭ་ཆུང་འབྲིང་སློབ་མ7081གིས“སྤྲིན་སྟེགས་སློབ་ཁང”བརྒྱུད་དྲ་ཐོག་ནས་སློབ་སྦྱོང་བྱེད་ཀྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།