སི་ཁྲོན་གྱི་གཟི་ཚ་སྡེ་དགུ་ལྗོངས་ཁུལ་སོགས་སྒོ་མོ་འབྱེད་རྒྱུ་རེད།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས26ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྔ་བ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་གཟི་ཚ་སྡེ་དགུ་དང་། གསེར་མཚོ། སྐུ་བླ་གཞི་བདག དར་ཁོག་ལྗོངས་ཁུལ་སོགས2020ལོའི་ཟླ3པའི་ཚེས31ཉིན་ནས་བཟུང་གཉེར་སྐྱོང་སླར་གསོ་བྱས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་དང་གནས་སྐབས་ཕྱི་རྒྱལ་ཁབ་ནས་ཡོང་བའི་ཡུལ་སྐོར་བ་སྣེ་ལེན་བྱེད་རྒྱུ་མིན་པ་རེད།  ད་བར་དུ་ཞིང་ཆེན་ཡོངས་ཀྱིA5རིམ་པའི་ལྗོངས་ཁུལ་ཚང་མ་སླར་ཡང་སྒོ་མོ་ཕྱེས་པ་རེད།

ཡུལ་སྐོར་བ་རྣམས་ལ་བདེ་འཇགས་དང་། བདེ་ཐང་། བག་ཕེབས་ཀྱི་ཡུལ་སྐོར་ཁོར་ཡུག་ཞིག་བསྐྲུན་ཆེད་རྔ་བ་ཁུལ་གྱིས་འཕྲོད་བསྟེན་རིམས་འགོག་དང་། འགྲིམ་འགྲུལ་འགན་སྲུང་། བཟའ་བཏུང་ཞག་སྡོད་དང་ཡུལ་སྐོར་ཕྱོགས་བསྡུས་ཁྲོམ་རའི་ཚད་ལྡན་དོ་དམ་སོགས་ལེགས་པོར་བསྒྲུབ་རྒྱུར་ཐད་སྟོབས་ཤུགས་ཡོད་ཚད་བཏོན་ལ།  ལྗོངས་ཁུལ་སོ་སོས་དྲ་ཐོག་ནས་མིང་ངོ་མ་འགོད་པའི་ལམ་ལུགས་སྤྱད་དེ་སྤ་སེ་ཉོ་བ་ལས་ས་གནས་སུ་སྤ་སེ་ཉོ་མི་ཆོག་ལ། འགྲུལ་བར་ཚོད་འཛིན། ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན། མི་མང་པོས་མཉམ་དུ་ལྟ་སྐོར་བྱེད་པ་སོགས་ལས་གཡོལ་བའི་བྱ་ཐབས་སོགས་སྤྱོད་རྒྱུ་རེད།

 ལྗོངས་ཁུལ་སོ་སོའི་ཞིབ་ཕྲའི་ཚོད་འཛིན་གནས་ཚུལ་ནི། གཟི་ཚ་སྡེ་དགུའི་ལྗོངས་ཁུལ་དུ་ཉིན་རེར་མི་ཐེངས་ཁྲི1ལས་མི་བརྒལ་བ་དང་། གསེར་མཚོ་དང་། སྐུ་བླ་གཞི་བདག དར་ཁོག་ལྗོངས་ཁུལ་བཅས་སུ་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་དེ་ཉིན་རེའི་ཐེག་ཚད་ཀྱི50%ལས་མི་བརྒལ་བར་གཏན་འཁེལ་བྱས་ཡོད།

ཏོག་གསར་གློ་ཚད་རིམས་ནད་ཁྲོད་བདེ་ཐང་སྲུང་སྐྱོང་དང་ཚེ་སྲོག་སྲུང་སྐྱོབ་བྱེད་པའི་སྨན་དོན་མི་སྣར་གཟི་ཚ་སྡེ་དགུ་དང་། གསེར་མཚོ། སྐུ་བླ་གཞི་བདག དར་ཁོག་ལྗོངས་ཁུལ་བཅས་སླར་སྒོ་མོ་འབྱེད་པའི་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་སྨན་དོན་ལས་དོན་པ་དང་དེའི་ཁྱིམ་མི་གཅིག་ལ་ལོ་གཅིག་གི་རིང་ལ་སྒོ་འཛིན་མི་དགོས་པར་ལྟ་སྐོར་བྱ་ཆོག་པའི་གཟིགས་སྐྱོང་སྲིད་ཇུས(“ལྔ་གཅིག”དང“རྒྱལ་སྟོན”དུས་ཆེན་ཕུད)འདོན་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།